ཟླ་བདུན་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཆིན་ཧྭ་སློབ་ཆེན་དུ་འཛམ་གླིང་ཞི་བདེའི་གླེང་སྟེགས་སྐབས་བཅུ་གཅིག་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། གསེར་ཀྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གི་མགོ་གཙོ་དང་། པ་ཞི་རྒྱལ་བ་ཀྱི་ཙུང་ཐུང་ཟུར་པ་ལའོ་སའེ་ཧྥུའུ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཟུར་པ་དབྱི་ཝན་ནའོ་ཧྥུའུ། ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཝེ་ལ་ཡིའུ་ཏ་སོགས་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་དང་། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། ཆེད་མཁས་པ་དང་མཁས་དབང་སོགས་མི་བཞི་བརྒྱ་ཐེངས་འདིའི་མགོ་རྩོམ་མཛད་སྒོར་ཞུགས།
ཧན་ཀྲིན་གྱིས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་དངོས་སུ་བཏོན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྲུན་པའི་ནང་དོན་དང་ལག་ལེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཐབས་ཇུས་ལེགས་སྐྱེས་སུ་ཕུལ་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་དྲང་ནུས་ཆེན་པོ་བསྣན་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་མཉམ་གླེང་བྱེད་པ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ནས། མིའི་རིགས་ཀྱི་འཕེལ་རྒྱས་དང་བདེ་འཇགས། དཔལ་ཡོན་བཅས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་གསུངས། ཧན་ཀྲིན་གྱིས་གྲོས་འགོ་བཞི་བཏོན་ཡོད་ཅིང་། གཅིག་ནས་རང་བཙན་རང་བདག་གི་སྒོ་ནས་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་ཕན་ཚུན་བར་གླེང་མོལ་བྱེད་རེས་དང་གྲོས་མོལ་བྱེད་ཐབས་ལ་བརྟེན་ནས་གདོང་གཏུག་ཐག་གཅོད་བྱེད་དགོས། གསུམ་ནས་བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་དང་ལག་བསྟར་བྱེད་དགོས། བཞི་ནས་དཀྱེལ་ཡངས་དང་ཀུན་ཕན། གཉིས་ཕན། གཉིས་རྒྱལ་བཅས་ལ་སྐུལ་འདེད་གཏོང་དགོས།
ཧན་ཀྲིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཛམ་གླིང་གི་ཞི་བདེ་སྐུལ་སྤེལ་གཏོང་མཁན་དང་འཛུགས་སྐྲུན་བྱེད་མཁན། སྲུང་སྐྱོབ་བྱེད་མཁན་བཅས་བྱས་ནས། འཛམ་གླིང་སྟེང་གི་ཞི་བདེར་དགའ་བ་དང་འཕེལ་རྒྱས་ལ་བརྩོན་བཞིན་པའི་རྒྱལ་ཁབ་ཡོད་ཚད་དང་ལག་གདང་སྦྲེལ་ནས། མཉམ་དུ་མདུན་སྐྱོད་དང་ཕྱར་བ་གྲུ་འདེགས་བྱས་ཏེ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་བགྲོད་ལམ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དངོས་སུ་བསྐྱོད་ནས་ཞི་བདེའི་དཔལ་འབར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།