ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་དུ། མཚོ་སྔོན་གྱི་སྐབས་གཉིས་པའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མཉམ་དུ་འཆར་འགོད་བྱེད་པའི་གླེང་སྟེགས་ལ་ཞུགས་པའི་ཏང་ཁག་གསར་བའི་ཀྲུའུ་ཞི་ཝུའུ་ཁྲིན་ཏེན་འཁོར་དང་བཅས་པར་ཐུག་འཕྲད་བྱས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་འདྲིས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཀྲི་ཅུན་གླེང་སྟེགས་ལ་ཞུགས།
ཁྲིན་ཀང་གིས་ཝུའུ་ཁྲིན་ཏེན་འཁོར་དང་བཅས་པ་མཚོ་སྔོན་ལ་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུའུ་ཞི་ཝུའུ་ཁྲིན་ཏེན་གྱིས་སྣེ་ཁྲིད་པའི་ཏང་ཁག་གསར་བས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་དང་། མེས་རྒྱས་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་བཞག་པར་བསྟོད་བསྔགས་བྱས། ཁྲིན་ཀང་གིས་བཤད་རྒྱུར། མཚོ་སྔོན་དང་ཐེ་ཝན་གྱི་བར་ཐག་རིང་ཡང་། མི་རིགས་ཀྱི་བརྩེ་དུངས་ཧ་ཅང་ཟབ། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ལ། འབད་པ་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་ཀྱིན་ཡོད། འགྲམ་གཉིས་ཀྱི་རིགས་རུས་གཅིག་ཏུ་འདྲེས་ཤིང་། རིག་གནས་གཅིག་མཐུན་ཡིན་པས། མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ། ཐེ་ཝན་གྱི་ཚོང་ལས་དང་ཁེ་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཐེ་ཝན་མི་དམངས་དང་མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ལྟར་གཅེས་པའི་བརྩེ་སེམས་དྲོན་མོ་ཚོར་ཐུབ་པར་བྱེད་པ་དང་། མཚོ་སྔོན་ལ་སྣང་བརྙན་བཟང་པོ་ཞིག་བསྐྲུན་ཏེ། མཚོ་སྔོན་དུ་དངུལ་གཏོང་ལས་སྤེལ་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།
ཝུའུ་ཁྲིན་ཏེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྣེ་ལེན་གང་ལེགས་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་མང་པོའི་རིང་ལ་ཁོས་ནམ་ཡང་མཚོ་འགག་འགྲམ་གཉིས་ཀྱི་མཉམ་ལས་ཐད་ནུས་ཤུགས་བཏོན། ཐེངས་འདིར་མཚོ་སྔོན་དུ་ཡོང་ནས། མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་ལྷུན་ཆགས་མཛེས་སྡུག་ལྡན་པ་དང་། ཐོན་ཁུངས་ནུས་ཁུངས་ཀྱི་སྦས་ཤུགས་ཆེན་པོ་ལྡན་ལ། རྗེས་སྤེལ་གྱི་དགེ་མཚན་ཉིན་རེ་བཞིན་ཤུགས་ཆེན་དུ་འགྲོ་བཞིན་ཡོད་པས། རྒྱང་རིང་གི་ས་ཆ་ཞིག་ནས་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་གར་སྟེགས་བསྐྲུན་ཡོད། འགྲམ་གཉིས་ཀྱིས་ལོ་རྒྱུས་ཀྱི་བརྩེ་བ་གཅེས་འཛིན་དང་། བརྗེ་རེས་མཉམ་ལས་ཟབ་མོ་བྱས་ཏེ། ལག་རྡང་སྦྲེལ་ནས་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་པའི་རེ་བ་བཏོན།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། ཝང་ཧེ་ཧུང་། ཀྲུང་གོའི་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་ཡོངས་ཝེ་ཐན་ཁེ་ལས་མཉམ་འབྲེལ་གྱི་འཐུས་མི། ཆེད་ལས་མཁས་པ་བཅས་གླེང་སྟེགས་ལ་ཞུགས།