ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཡུན་ནན་ཞིང་ཆེན་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པའི་མཐུན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་དང་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ཚན་རྩལ་དང་བླངས་ཞབས་ཞུའི་རྣམ་པའི་ཐོག་ནས་ནུས་པ་འདོན་སྤེལ་བྱས་ཏེ་ཡུན་ནན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
བདུན་གཅིག་གི་སྔ་ནུབ་ཏུ་ཡུན་ནན་ཞིང་ཆེན་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པའི་མཐུན་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཆེད་དོན་ཟུར་ཁྲིད་བྱེད་སྒོ་སྤེལ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
ཡུན་ནན་ཞིང་ཆེན་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པའི་མཐུན་ཚོགས་ནི་གཙོ་བོ་ལས་འཁྱུར་ངལ་གསོ་བྱས་པའི་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པས་གྲུབ་པ་དང་ཚོགས་མི་ཁྲི3ཙམ་ཡོད་པ་རེད། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་འཆར་འགོད་བྱས་པའི་བརྗིད་ཆེའི་འཆར་འགོད་ལ་དམིགས་ཏེ་ཡུན་ནན་ཞིང་ཆེན་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པའི་མཐུན་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ལྟེ་བའི་ལས་འགན་ལ་དམིགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་བརྗོད་དོན་སློབ་གསོ་དོན་འཁྱོལ་དང་ཕན་འབྲས་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།
ཚན་རྩལ་གསར་གཏོད་ཀྱི་བྱང་ཚད་མཐོ་རུ་གཏོང་བར་གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱེད་དགོས། ད་ལོར། ཡུན་ནན་ཞིང་ཆེན་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པའི་མཐུན་ཚོགས་ཀྱིས་གཅིག་ཅན་གསུམ་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཆེད་མཁས་པའི་རུ་ཁག་གཅིག་དང་། ཚན་རིག་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་ཆ་གཅིག སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བའི་སློབ་ཚན་གཅིག་བཅས་རྫོང་དང་གྲོང་ཁྱེར་མང་པོའི་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་ཡུན་ནན་ཞིང་ཆེན་གྱི་ཚན་རྩལ་བྱ་བ་བསྒྲུབ་མཁན་རྒན་པའི་མཐུན་ཚོགས་ཀྱིས་ཆེད་མཁས་པའི་རུ་ཁག་མང་པོ་རྩ་འཛུགས་བྱས་ཏེ་ཁུལ་དང། གྲོང་ཁྱེར། རྫོང་བཅས་ཀྱི་གྲོང་གསེབ་ཏུ་ཚན་རྩལ་ཁྱབ་གདལ་འཆད་ཁྲིད་དང་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ་དང་། ཐིན་ཁྲུང་དང་ཞུན་ཏན་སོགས་ས་ཆར་སོང་ནས་སློབ་གྲྭར་སྐྱོད་པའི་བྱེད་སྒོ་སྤེལ། མིག་སྔར་ཁོ་ཚོས་ཚན་རྩལ་བྱ་བ་བསྒྲུབ་མཁན་སྔར་ལས་མང་པོ་རྩ་འཛུགས་བྱས་ཏེ་ཚན་རྩལ་ཞབས་ཞུ་ཁེ་ལས་དང་གྲོང་གསེབ། སྡོད་ཁུལ། སློབ་གྲྭ་བཅས་སུ་བསྐྱོད་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཧུར་ཐག་གིས་ཞུགས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།