2023ལོའི་མཚོ་སྔོན་དར་གོས་ཚོང་ལམ་རི་གླུ་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པ་དང་རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་བརྩམས།
2023.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བདུན་པའི་ཚེས་གསུམ་ཉིན། 2023ལོའི་མཚོ་སྔོན་དར་གོས་ཚོང་ལམ་རི་གླུ་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པ་དང་རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་ཤར་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ནས་དངོས་སུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་དུས་ཆེན་འགོ་བརྩམས་པ་དྲིལ་སྒྲོག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་དབྱི་ཧྲུའུ་ཆང་། ཉི་མ་སྒྲོལ་མ། ཧི་ལུའུ་ཁྲུན། ལིའུ་ཏ་ཡེ་དང་བློ་མཐུན་རྒན་པ་ཀྲའོ་ཆི་ཀྲུང་དང་པའོ་དབྱི་ཀྲི་བཅས་འགོ་རྩོམ་མཛད་སྒོར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན་གྱིས་ཤིས་ཚིག་ཕུལ།

རྨ་ཆུའི་བཞུར་རྒྱུད་ཀྱི་རིག་གནས་ཆེན་པོ་བཞིའི་གྲས་ཀྱི་གཅིག་སྟེ་རྨ་ཙོང་རིག་གནས་ཀྱི་འབྱུང་ཁུངས་དང་སྲོག་ཤིང་ཁུལ་ཡིན་པའི་ཆ་ནས། མཚོ་ཤར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། འགོ་ཁུངས་དང་བཞུར་རྒྱུད། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བའི་ངེས་གཏན་ནམ་ཡང་རྒྱུན་འཁྱོངས་བྱས་ལ། བློ་བརྟན་འགྱུར་མེད་ཀྱིས་རྨ་ཆུའི་རིག་གནས་དང་རྨ་ཙོང་རིག་གནས་རྒྱུན་འཛིན་བྱས་པ་དང་། ཞིང་ཆེན་རིམ་པའི་རྨ་ཙོང་རིག་གནས་མཚོ་ཤར་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་བཏང་། ཉེ་བའི་ལོ་འགའི་རིང་ལ། དར་གོས་ཚོང་ལམ་རི་གླུ་རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན་དང་རྒྱལ་སྤྱིའི་རྨ་ཆུ་འཕྲེད་བརྒལ་འགྲན་བསྡུར་སོགས་ཀྱི་མུ་འབྲེལ་བྱ་འགུལ་གྱི་ཤན་ཤུགས་ལོ་རེ་བཞིན་ཇེ་མཐོར་སོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ལས་དོན་རྒྱུན་མཐུད་ངང་དར་རྒྱས་གོང་འཕེལ་དུ་བཏང་། བསྐྱོད་ལམ་གསར་བར་ཞུགས་རྗེས། མཚོ་ཤར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་རྐང་བཙུགས་ཏེ། རང་རྟོན་རང་འཕེལ་དང་དྲང་སྲུང་གསར་གཏོད་བྱས་པ་དང་། དཔའ་སྐྱེད་མདུན་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་ཤར་གྱི་ལེའུ་གསར་བ་བྲིས།

རྒྱུས་ལོན་བྱུང་བ་ལྟར་ན། སྒྱུ་རྩལ་དུས་ཆེན་གྱིས་རྨ་ཆུའི་རིག་གནས་རྒྱུན་འཛིན་དང་རྨ་ཙོང་རིག་གནས་དར་སྤེལ་གཏོང་བ་བརྗོད་དོན་དུ་བྱས་པ་དང་། དེའི་དམིགས་འབེན་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཅིག་བསྡུས་སྒོས་མཚོ་ཤར་གྲོང་ཁྱེར་དུ་བསྒྱུར་བའི་ཚུན་གྱི་ལོ་བཅུའི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པ། རྨ་ཙོང་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། རྨ་ཆུའི་གཏམ་རྒྱུད་བཟང་བོར་བཤད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་མཚོ་ཤར་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་ཚོང་རྟགས་གསར་སྐྲུན་བྱས་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

སྒྱུ་རྩལ་དུས་ཆེན་སྐབས་སུ། ད་དུང་རྨ་ཙོང་རིག་གནས་བགྲོ་གླེང་ཚོགས་འདུ་དང་རྨ་ཙོང་རི་གླུ་སྒྱུ་རྩལ་ཚོགས་པའི་གླུ་ལེན་འགྲན་ཚོགས་སྐབས་དང་པོ། ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་རི་གླུ་འགྲན་ཚོགས་སོགས་བསྡུ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།