མཚོ་སྔོན་ཞིང་ཆེན་གྱི་འགྲམ་ངོགས་གཉིས་ཀྱི་ཁེ་ལས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཇུས་འགོད་བྱེད་པའི་གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་བསྡུས།
2023.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་འགྲམ་ངོགས་གཉིས་ཀྱི་ཁེ་ལས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཇུས་འགོད་བྱེད་པའི་གླེང་སྟེགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་། སྤྱི་ཚོགས་ལས་རིགས་སོ་སོས་དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མིག་སྔར། མཚོ་སྔོན་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བཞིན་པའི་སྒང་ཡིན། བསྐྱོད་ལམ་གསར་བའི་སྟེང་། ང་ཚོས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྔར་ལས་མཐོང་ཆེན་བྱས་ནས། ཆུ་ཚད་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་ཚད་གཞི་མཐོ་བའི་ངང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ། སྤུས་ཚད་མཐོ་བའི་ངང་ཐཱན་གཉིས་བྱ་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་། མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་་གཏིང་ཟབ་ཏུ་སྤེལ་ནས། ས་བཞི་སྣེ་ཁྲིད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གྲུབ་པར་བྱེད་དགོས། མཉམ་དུ་ཕྱུག་པོར་བསྒྱུར་བར་སྔར་ལས་མཐོང་ཆེན་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་གཙོ་ཐིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས། ང་ཚོས་ཐའེ་ཝན་གྱི་ཁེ་ལས་བར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་བརྗེ་རེས་མཉམ་ལས་ཤུགས་སྣོན་པ་དང་། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་དང་གོ་སྐབས། ཚོང་ར་མཉམ་སྤྱོད་བྱེད་པ། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དགེ་མཚན་ཁ་གསབ་ལ་ཤུགས་སྣོན་པ། རིགས་སོ་སོའི་མང་ཚོགས་ཀྱི་ལས་སྐྲུན་ལས་ཞུགས་ལ་རོགས་འདེགས་བྱས་ནས། འགྲམ་ངོགས་གཉིས་ཀྱི་སྤུན་ཟླའི་སེམས་ཁ་མཐུན་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱ་ཆེའི་ཐའེ་ཝན་གྱི་ཚོང་བ་རྣམས་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། རབ་མཚེས་མཚོ་སྔོན་དང་དཔུང་གཤིབ་མདུན་སྐྱོད་བྱེད་རྒྱུའི་རེ་བ་བཅངས་ཡོད། ང་ཚོས་བློ་སེམས་དཀར་པོ་དང་བྱེད་ཐབས་བཟང་བོས་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་གྱི་ཁེ་ལས་ལ་ཞབས་ཞུའི་འགན་སྲུང་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་པ་དང་། བརྗེ་རེས་དང་གྲོགས་སྒྲིག་པར་སྐུལ་འདེད་གཏོང་བ། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་བདེ་སྐྱིད་ཇེ་མཐོར་བཏང་སྟེ། འགྲམ་ངོགས་གཉིས་ཀྱི་སྤུན་ཟླའི་མཛའ་བརྩེའི་རྒྱུན་སྐྱོང་བ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཛེས་སྡུག་གི་མ་འོངས་བསྐྲུན་པ། མི་རིགས་བསྐྱར་དར་གྱི་རླབས་ཆེན་དང་གཟི་བརྗིད་མཉམ་སྤྱོད་བྱེད་རྒྱུ་ཡིན།

འགྲམ་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཀྲི་ཅུན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་དང་ཐའེ་ཝན་གྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་བརྗེ་རེས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་པ་མ་ཟད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དང་། ཐའེ་ཝན་དང་མང་ཚོགས་ལ་ཕན་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་གྱི་ཁེ་ལས་མཚོ་སྔོན་དུ་ཡོང་ནས་འཕེལ་རྒྱས་གཏོང་བའི་ཐད་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན། ཐའེ་ཝན་སྤུན་ཟླས་མཚོ་སྔོན་དང་འགྲམ་ངོགས་གཉིས་ཀྱི་ཁེ་ལས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཇུས་འགོད་བྱེད་པའི་གླེང་སྟེགས་བརྒྱུད་དེ། གོ་སྐབས་སྔར་ལས་མང་པོ་བརྩོན་ལེན་བྱེད་པ་དང་། སྔར་ལས་བཟང་བོར་འཕེལ་རྒྱས་སུ་བཏང་ནས། འགྲམ་ངོགས་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ཐད་སྒུལ་ཤུགས་སྔར་ལས་ཆེན་པོ་སྣོན་རྒྱུའི་རེ་བ་བཅངས་ཡོད།

ཞིན་ཏང་གི་ཀྲུའུ་ཞི་ཝུའུ་ཁྲིན་ཏེན་དང་། རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ལིས་ཀྲིན་ཧུང་གིས་ཤིས་ཚིག་ཕུལ་སྐབས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བརྩི་བ་དང་། ཐའེ་ཝན་དང་མཚོ་སྔོན་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་པ། མཚོ་སྔོན་དྲིལ་སྒྲོག་བཟང་བོ་བྱེད་པ། རྒྱ་ཆེའི་ཐའེ་ཝན་གྱི་ཚོང་བ་དང་ཐའེ་ཝན་གྱི་ཁེ་ལས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས། འགྲམ་ངོགས་གཉིས་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས།

གླེང་སྟེགས་སྟེང་། འགྲམ་ངོགས་གཉིས་ཀྱི་སྐུ་མགྲོན་དང་ཁེ་ལས་པའི་འཐུས་ཚབ་ཀྱིས་མི་རིགས་བསྐྱར་དར་གྱི་བསྐྱོད་ལམ་གསར་བར་སྐྱོད་པ་དང་། མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་བའི་བརྗོད་དོན་ལ་དམིགས་ནས། འཁྲབ་བཤད་ཕུན་སུམ་ཚོགས་པ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་གནས་བཞིའི་འཆར་འགོད་དང་མཉམ་ལས་ཀྱི་མདུན་ལྗོངས། ཚོང་འགུག་སྲིད་ཇུས་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་གྱི་ཐའེ་ཝན་ཚོང་འགུག་གཞུང་ཚབ་པ་བསྐོ་འཇོག་བྱས་ལ། འབྲེལ་ཡོད་ས་ཁུལ་དང་ཁེ་ལས་དང་ཐའེ་ཝན་ཁེ་ལས་བར་མཉམ་ལས་ཀྱི་སྒྲོམ་གཞི་བཀོད།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་མགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཐུང་ཏི་དང་ཁོང་ཡུང་གླེང་སྟེགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།