ཧན་ཀྲིན་སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྲོས་མོལ་ཚོགས་འདུ་དང་སྐབས་དང་པོའི་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ།
2023.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྲོས་མོལ་ཚོགས་འདུ་དང་སྐབས་དང་པོའི་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་དེ་ཟླ་བདུན་པའི་ཚེས་གསུམ་ཉིན་པེ་ཅིང་ནས་བསྡུས། ཚོགས་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོང་བ་ལས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་མཐོང་ཆེན་བྱེད་པ་མངོན་པར་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་ནི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞིའི་རྗེས་སུ། དུས་རབས་གསར་བའི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འདོན་སྤྲོད་བྱས་པའི་སྤྱི་བའི་ཐོན་རྫས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་ལ་ཡར་སྐུལ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྣམ་དག་རེ་འདུན་མཚོན་ཡོད།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། མིའི་རིགས་ཀྱི་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ཏེ། དཔལ་ཡོན་མི་འདྲ་བར་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱེད་དགོས། མིའི་རིགས་ཀྱི་དཔལ་ཡོན་གྱི་སྤྱི་མཐུན་རང་བཞིན་འཚོལ་ཞིབ་བྱས་ནས་དཔལ་ཡོན་མི་འདྲ་བའི་ཐུན་མོང་རིན་ཐང་དར་སྤེལ་བྱེད་དགོས། དཔལ་ཡོན་འཕེལ་རྒྱས་ཀྱི་གསར་གཏོད་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་དཔལ་ཡོན་མ་འོངས་རྒྱུན་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། མིའི་རིགས་ཀྱི་དཔལ་ཡོན་གྱི་དཀྱེལ་ཡངས་རང་བིན་ལ་སྐུལ་འདེད་བཏང་སྟེ། དཔལ་ཡོན་འཕེལ་རྒྱས་ཀྱི་ཕྱོགས་མང་རིང་ལུགས་ཀྱི་ཁ་ཕྱོགས་ཁྲིད་སྟོན་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། མིག་སྔར་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་དཔལ་ཡོན་རྣམ་པ་གསར་བ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་ཅིང་། དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་གསར་འབྱེད་བྱས་ཏེ། དཔལ་ཡོན་དཔེར་ལེན་ཟབ་མོ་བྱེད་པར་གོ་སྐབས་གསར་བ་བསྐྲུན་ཡོད། ང་ཚོས་རྒྱལ་ཁབ་སོ་སོའི་བར་ལག་རྡང་སྦྲེལ་བ་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དར་རྒྱས་ཐད་གསོན་ཤུགས་གསར་བ་ཁ་སྣོན་བྱས་ནས། དེང་རབས་ཅན་གྱི་རྣམ་པ་གསར་བ་འབྲི་བཞེངས་བྱེད་འདོད་ཡོད། འཛམ་གླིང་ཡོངས་ཀྱི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱའི་རིག་པའི་མཁས་པ་སོགས་ལས་རིགས་སོ་སོའི་མི་སྣས་རྒྱལ་སྤྱིའི་མི་གཞུང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དང་། འཛམ་གླིང་གི་རྒྱའི་རིག་པའི་ཞིབ་འཇུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།

ཐེངས་འདིའི་གྲོས་མོལ་ནི་ཀྲུང་གོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་ཕྱིའི་ལས་རིགས་སོ་སོའི་མི་སྣ་བཞི་བརྒྱ་ཙམ་གྲོས་མོལ་ལ་ཞུགས་ཡོད། ཚོགས་ཞུགས་ཀྱི་ལས་རིགས་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་གལ་ཆེན་ལ་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། དཔལ་ཡོན་བརྗེ་རེས་དཔེར་ལེན་དང་མིའི་རིགས་ཀྱི་འཕེལ་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱེད་འདོད་ཡོད་པའི་ཚུལ་བསྟན།

གྲོས་ཚོགས་མགོ་མ་བརྩམས་གོང་། ཧན་ཀྲིན་གྱིས་ཕྱི་ཕྱོགས་ཀྱི་ཚོགས་ཞུགས་འཐུས་མིར་མཉམ་དུ་མཇལ་འཕྲད་གནང་ནས་བཞུགས་མོལ་བརྗེ་རེས་མཛད།


བསོད་ནམས་ཚེ་རིང་གིས་བསྒྱུར།