རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་ཚེ་ཆི་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནངས།
2023.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཟླ་བདུན་པའི་ཚེས་གསུམ་ཉིན་པེ་ཅིང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་ཞེ་ལྔ་བ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ཆི་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་པར་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་བླངས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱ་བ་བཟང་བོར་བསྒྲུབས་ནས་ནན་ཏན་གྱིས་ལག་བསྟར་དངོས་འབེབས་དམ་འཛིན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་ཐོག་མའི་ལོ་ཡིན་པས། སྔར་ལས་འབད་པ་ཆེན་པོས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བ་བཟང་བོར་བསྒྲུབས་ཏེ། ཧུར་ཐག་སྒོས་རླབས་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་གྱི་རྒྱལ་ས་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྤྱིའི་འཆར་འགོད་ལག་བསྟར་བྱ་བ་དམ་འཛིན་དང་། གོ་རིམ་ལྡན་པའི་སྒོ་ནས་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ནུས་ཞི་འཇགས་སུ་གཏོང་བ། ཀྲུང་དབྱང་སྲིད་དོན་བྱེད་ནུས་ཀྱི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ། དཀྱིལ་སྙིང་ས་ཁུལ་གྱི་འཆར་འགོད་འགུལ་སྐྱོད་འཆར་གཞིར་བསྟུད་མར་སྐུལ་འདེད་བཏང་སྟེ། བདེ་འཇགས་དེ་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་གྱི་དོན་ཆེན་དུ་བྱས་ནས་དམ་འཛིན་བྱེད་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཟོལ་མེད་ཀྱིས་ཏང་ཀྲུང་དབྱང་གིས་ རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ལ་བསྩལ་བའི་འགན་འཁྲིའི་ལས་འགན་ལག་བསྟར་བྱེད་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབས་པ་ནི་པེ་ཅིང་གྲོང་ཁྱེར་གྱི་འགན་འཁྲི་གཙོ་བོ་ཡིན་པ་དང་། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་ཐུན་མོང་འགན་འཁྲི་ཡང་ཡིན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་དམ་འཛིན་གང་ལེགས་བྱེད་པ་དང་གཙོ་གནད་དོ་དམ་བྱེད་པ། ལྟ་རྟོག་ལ་ཤུགས་སྣོན་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། རང་འགུལ་གྱིས་ཁོངས་གཏོགས་ལས་ཁུངས་བར་འབྲེལ་འདྲིས་བྱས་ཏེ། ཟོལ་མེད་ཀྱིས་དཀའ་གནད་ཐག་གཅོད་དང་བྱ་བར་སྐུལ་འདེད་གཏོང་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཆར་འགོད་ལག་བསྟར་བྱས་ནས་པེ་ཅིང་གྲོང་ཁྱེར་གྱི་བྱ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས། འཆར་འགོད་ཀྱི་གནད་དོན་ཆེན་མོ་དུས་ལྟར་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱས་ཏེ། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།

གྲོས་ཚོགས་ནས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་སྤྱི་བསྡོམས་དང་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་གཙོ་གནད་དང་། རྒྱལ་སའི་བྱེད་ནུས་དཀྱིལ་སྙིང་ས་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་གཏན་འཁེལ་ཞིབ་རྒྱས་ཀྱི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་སོགས་ཡིག་ཆར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡུན་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཨུ་ཡོན། འབྲེལ་གཏུག་པ་སོགས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།