ཝང་ཧུའུ་ཉིང་བློ་མཐུན་ཆན་ཀྲིན་དབྱིན་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2023.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

བློ་མཐུན་ཆན་ཀྲིན་དབྱིན་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཞི་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུ་མ་འཚོགས་གོང་བློ་མཐུན་ཆན་ཀྲིན་དབྱིན་གྱི་གཉེན་ཉེ་དང་མཇལ་འཕྲད་གནང་།

བློ་མཐུན་ཆན་ཀྲིན་དབྱིན་ནི་རང་རྒྱལ་གྱི་ཆུ་བེད་དང་གློག་ཤུགས་འཐབ་ཕྱོགས་ཀྱི་འགོ་ཁྲིད་པ་ཕུལ་དུ་བྱུང་བ་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་བར་མ་ཟད་གསུང་བཤད་གནང་ནས་བློ་མཐུན་ཆན་ཀྲིན་དབྱིན་གྱི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་ཞུས་ཤིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་མཐུན་ཆན་ཀྲིན་དབྱིན་གྱི་སྐུ་ཚེ་ཧྲིལ་པོར་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལ་དྲན་གསོ་ཞུ་བ། དངོས་ཐོག་བདེན་འཚོལ་གྱིས་བདེན་ལུགས་ཀྱི་ཚན་རིག་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་ནན་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཏུང་ཧྥུན་བཞུགས་མོལ་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།