ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་གྲོང་རྡལ་་གྱི་སོལ་རླངས་བདེ་འཇགས་བཀོད་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ཆེན་མོ་དང་བཅོས་སྐྱོང་ཆེན་མོའི་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱས་ཏེ་དཔར་ནས་བཀྲམ་པ་དང་། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་ནས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བར་ལག་བསྟར་བྱེད་རྒྱུ་རེད། རིམ་པ་བཞིར་དབྱེ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་བཀོལ་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ཆེན་མོ་དང་བཅོས་སྐྱོང་ཆེན་མོའི་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་ནས། འགན་འཁྲི་གསུམ་ནན་དཀྲི་བྱས་པ་དང་། འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཇུས་གཞི་ལས་བླང་བྱ་བཏོན་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་གཉེར་སྐྱོང་ཁེ་ལས་ཀྱིས་བདེ་འཇགས་དོ་དམ་དང་ལམ་ལུགས་འཛུགས་སྐྲུན་ཁྲོད་ཆེད་ལས་ཞིག་གསོ་མི་སྣ་བཀོད་སྒྲིག་བྱས་པ་བླང་བྱ་དང་མི་མཐུན་པ་དང་། ས་ཚིགས་དང་དོ་དམ་དྲ་བ་སོགས་སོལ་རླངས་སྒྲིག་ཆས་ཀྱི་བདེ་འཇགས་བར་ཐག་འོས་འཚམ་མིན་པ། སོལ་རླངས་སྦུག་ལམ་སོགས་ཀྱི་འགོག་རྐྱེན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པ། ཟ་འཐུང་སོགས་ཀྱི་ལས་རིགས་གཉེར་སྐྱོང་མཁན་གྱིས་འབར་སླའི་ཉེན་བརྡ་སྒྲིག་བཀོད་བྱས་ཡོད་མེད་དང་། དུས་ལྟར་ཞིབ་བཤེར་བྱེད་པར་ལྟ་སྐུལ་བྱེད་དགོས།
ཇུས་གཞི་ལས། ལས་རིགས་སྡེ་ཁག་གིས་སྲང་ལམ་གཅིག་ཀྱང་མི་བསྐྱུར་བ་དང་། ཁྱིམ་ཚང་གཅིག་ཀྱང་ལུས་སུ་མི་འཇོག་པའི་རྩ་དོན་ལྟར། དོན་རྐྱེན་ཆེན་མོ་འབྱུང་སྲིད་པའི་ཟ་ཁང་དང་། ཞིང་ཞོར་ཚོང་ར། སློབ་གྲྭ། སྨན་ཁང་། ཡུལ་སྐོར་ལྗོངས་ཁུལ། ལྗོངས་ཁུལ་གྲགས་ཅན། གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་བྱེད་ཡུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བཅོས་སྐྱོང་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་གཉེར་སྐྱོང་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱས་ཏེ། ཞིབ་བཤེར་བྱ་བ་དེ་སོལ་རླངས་ས་ཚིགས་དང་སྒྲིག་ཆས་བདེ་འཇགས་འགོག་རྐྱེན་ཐད་ནས་ཞིབ་བཤེར་བཅོས་སྐྱོང་བྱེད་པ་དང་། མི་སྣ་འདུ་འཛོམས་ཁུལ་གྱི་བདེ་འཇགས་ལྟ་སྐུལ་དང་དོ་དམ་བྱ་བར་ཤུགས་སྣོན་བྱས་ཡོད་མེད། ཁྲིམས་འགལ་སྒྲིག་འགལ་དང་དོན་རྐྱེན་བྱུང་བའི་གྲོང་ཁྱེར་གྲོང་རྡལ་གྱི་སོལ་རླངས་གཉེར་སྐྱོང་ཁེ་ལས་གསལ་འདོན་བྱེད་པ་དང་འགན་འཁྲི་རྗེས་འདེད་ཀྱི་ནུས་ཚད་ཇེ་ཆེར་གཏོང་བ་བཅས་ལ་ཁེབས་པར་བྱས་ནས། ཉེན་བརྡ་དང་ཟིལ་ཤུགས་ཀྱི་ནུས་པ་ཐོན་པར་བྱེད་དགོས་པའི་བླང་བྱ་བཏོན།
ཇུས་གཞི་ལས་བླང་བྱ་བཏོན་དོན། ས་ཆ་སོ་སོས་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱེད་པ་དང་ཁྱིམ་ཚང་གཅིག་ཀྱང་ལུས་སུ་མི་འཇོག་པའི་བླང་བྱ་ལྟར། སོལ་རླངས་སྦུག་ལམ། སྒྲིག་ཆས། ས་ཚིགས། བཀོལ་སྤྱོད་བྱེད་ཡུལ་བཅས་ཀྱི་བདེ་འཇགས་འགོག་རྐྱེན་གྱི་ཞིབ་བཤེར་བཅོས་སྐྱོང་ཕྱོགས་ཡོངས་ནས་སྤེལ་ཏེ། གཞིས་ཁུལ་གྱི་བདེ་འཇགས་དྲ་བའི་དོ་དམ་རྣམ་པ་ཁྱབ་སྤེལ་གཏོང་བ་དང་། སོལ་རླངས་ཁེ་ལས་དང་མཉམ་དུ་སྙན་ཞུ་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས། བདག་གཉེར་ཆོག་མཆན་གྱི་མགོ་མཇུག་བར་གསུམ་བྱ་བའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།