ཏིན་ཞུའེ་ཞང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏིས་མོ་མན་ཟི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་དང་འབྲེལ་བའི་མཐོ་རིམ་གླེང་མོལ་ཐེངས་བཞི་པ་གནང་།
2023.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏིས་མོ་མན་ཟི་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་དང་འབྲེལ་བའི་མཐོ་རིམ་གླེང་མོལ་ཐེངས་བཞི་པ་གནང་།

ཏིན་ཞུའེ་ཞང་གིས་ད་ལོའི་ཟླ་བཞི་པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཕུང་ཏི་ལའེ་ཨེན་དང་མཇལ་འཕྲད་གནང་ནས། ལྗང་མདོག་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་ཆེན་པོ་བྱུང་།  ང་ཚོས་ཕྱོགས་གཉིས་ཀའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་ཁོར་ཡུག་དང་གནམ་གཤིས་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཏིན་ཞུའེ་ཞང་གིས་ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་ནས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དུས་བཅད་དམིགས་འབེན་མངོན་འགྱུར་ཐུབ་པར་འགན་ལེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་བར་གྱི་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་གླེང་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། མཉམ་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྔར་ལས་རྒྱ་སྐྱེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བར་སྟོང་སྔར་ལས་ཡངས་པོ་བསྐྲུན་འདོད་ཡོད།  གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་བྱས་ཏེ། སླར་སྐྱེས་རུང་བའི་ནུས་ཁུངས་དང་ལྗང་མདོག་ཐཱན་ཉུང་ལག་རྩལ། ཐཱན་གྱི་ཁྲོམ་ར། གནམ་གཤིས་འགྱུར་ལྡོག་དང་འཚམ་མཐུན་ཡོང་བར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། མཉམ་ལས་ཀྱི་འཕར་གཞི་གསར་པ་སྔར་ལས་མང་བ་བསྐྲུན་དགོས། ཁོར་ཡུག་དང་གནམ་གཤིས་ཕྱོགས་མང་གི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པར་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། མཉམ་དུ་ལག་གདང་སྦྲེལ་ནས་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་བསྐྲུན་དགོས་ཞེས་གསུངས།

ཏིས་མོ་མན་ཟི་ཡིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྲོད་དུ། ཡོ་རོབ་དང་ཀྲུང་གོས་ནུས་པ་གལ་ཆེན་འདོན་གྱིན་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་འཁོར་སྐྱོད་དཔལ་འབྱོར། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།