ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་འགོག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ཉེ་ལམ་ཁྲུང་ཆིན་སོགས་སུ་དྲག་ཆར་བབས་པའི་དབང་གིས་ཆུ་ཀླུང་ཁག་གཅིག་རབ་ཏུ་བྲུག་ནས་ཉེན་མཚམས་ལས་བརྒལ་བའི་དབང་གིས། ཆུ་ལོག་དང་འདམ་ཆར་འདྲེས་མ་སོགས་དྲངས་ནས་ས་གཤིས་ཀྱི་གནོད་འཚེ་བྱུང་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་ཡོངས་འདི་ཉིད་ཆུ་ལོག་གི་གནོད་པ་འགོག་པའི་གནད་འགག་གི་དུས་སྐབས་སུ་སླེབས་ལ་ཉེ་བ་དང་། ཆུ་བོ་ཆེ་གྲས་བདུན་གྱི་བཞུར་ཁོངས་ཁྱོན་ཡོངས་ནས་ཆུ་ཆེས་ཆེར་རྒྱས་པའི་དུས་སྐབས་སུ་སླེབས་རྒྱུ་ཡིན་ལ། འབྲི་ཆུ་དང་ཧོད་ཧི་ཆུ་བོ། ཐའེ་ཧུའུ། སུང་ལེའོ་སོགས་འབབ་རྒྱུད་ཁག་ཏུའང་ཆུ་ལོག་གི་གནོད་འཚེ་འབྱུང་ཉེན་ཡོད། རྒྱལ་ཁབ་ཆུ་ལོག་གནོད་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ། ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་ཡག་པོ་གཏོང་བ། གཙོ་གནད་ས་ཁུལ་གྱིས་ཆུ་བོ་ཆུང་འབྲིང་གི་ཆུ་ལོག་དང་ཆུ་མཛོད་ཆུང་འབྲིང་གི་ཉེན་ཁ། གྲོང་ཁྱེར་ནང་གི་ཆུ་ལོག་གི་གནོད་སྐྱོན་སོགས་ཀྱི་གནོད་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་སྟོན་གནད་ཁེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་གནོད་འགོག་བྱ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆུ་ལོག་གི་ཉེན་སེལ་གནོད་འགོག་གི་རང་བདག་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་འཕྲལ་སྡོམ་ལས་རེས་དང་མདུན་ཕྱོགས་སུ་སོང་ནས་བཀོད་འདོམས་བྱ་རྒྱུར་ཤུགས་སྣོན་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་ལས་འགན་གཙང་ལེན་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། རིགས་སོ་སོའི་གྱོང་གུད་ཆེས་ཆུང་ཤོས་སུ་གཏོང་ཐུབ་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།