ཞི་ཅིན་ཕིང་གིས་ནན་ཅིན་རྩིས་བཤེར་སློབ་ཆེན་གྱི་རྩིས་བཤེར་ཆེད་ལས་རབ་འབྱམས་པའི་རྒྱལ་སྤྱིའི་འཛིན་གྲྭའི་ཕྱི་འགྲིམས་སློབ་མར་ཡིག་ལན་བསྐུར།
2023.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་ཅིན་རྩིས་བཤེར་སློབ་ཆེན་གྱི་རྩིས་བཤེར་ཆེད་ལས་ཀྱི་རབ་འབྱམས་པའི་རྒྱལ་སྤྱིའི་འཛིན་གྲྭའི་ཕྱི་འགྲིམས་སློབ་མར་ཡིག་ལན་བསྐུར་ནས། ཁོ་ཚོས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་འབུལ་དགོས་པའི་ཐད་ནས་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་དུ། ཁྱོད་ཚོ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ་ཤེས་རྗེས། སློབ་ཁང་ནང་གི་སློབ་སྦྱོང་དང་ཡུལ་དངོས་བཅར་འདྲི་བྱས་པ་བརྒྱུད། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་དང་། ཀྲུང་གོའི་རྩིས་བཤེར་ལམ་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས། ཀྲུང་གོ་གུང་ཁྲན་ཏང་བཅས་ལ་ངོས་འཛིན་བྱེད་ཚད་སྔར་ལས་གཏིང་ཟབ་དུ་ཕྱིན་པར་བརྟེན། ངས་ཁྱོད་ཚོས་སློབ་སྦྱོང་བྱས་པ་ལ་བརྟེན་ནས་གྲུབ་འབྲས་ཐོབ་པར་དགའ་སྤྲོ་སྐྱེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་རྩིས་བཤེར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་མང་བའི་རིང་ལ་འཚོལ་ཞིབ་བྱས་པ་བརྒྱུད། གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་ལམ་ལུགས་བཙུགས་ནས། གཅིག་སྡུད་གཅིག་གྱུར་དང་ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་དང་ལས་ཆོད་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་ཅིག་རིམ་པར་གྲུབ་ཡོད། ཁྱོད་ཚོས་ཀྲུང་གོ་དང་མཉམ་དུ་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། རྩིས་བཤེར་གྱི་སྐར་ཁུང་འདི་བརྒྱུད་དེ། ཀྲུང་གོར་རྒྱུས་མངའ་ཡོད་པར་བྱས་ནས། རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།