ལིས་ཆང་གིས་འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱི་ཀྲུང་གོར་འཚམས་འདྲི་བྱེད་མཁན་གྱི་ཚོགས་པར་མཇལ་འཕྲད་གནང་།
2023.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧི་ཡེ་དབྱང་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་བྱེད་མཁན་གྱི་ཚོགས་པར་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་ཁག་བརྩི་སྲུང་ནན་མོ་ཞུས་ནས། ཕན་ཚུན་མཉམ་ལས་རོགས་རེས་དང་ཕན་ཚུན་བར་འཇིགས་སྐུལ་མི་བྱེད་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། འཇར་པན་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་བཏང་ནས་མཉམ་ལས་བྱེད་པའི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུར་སྔར་སྲོལ་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན། འཇར་པན་གྱི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་དང་དམངས་ཁྲོད་ཀྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་ཁྲིད་ཀྱི་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་བ་ཡོད། འཇར་པན་གྱིས་ཀྲུང་གོའི་བར་དཔལ་འབྱོར་དང་མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པར་དགའ་བསུ་ཞུས་པ་ཡིན་ཞེས་གསུངས།

ཧི་ཡེ་དབྱང་ཕིང་གིས་འཇར་པན་གྱི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱིས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། ཀྲུང་གོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་ལ་རྩེ་གཅིག་ཏུ་གཞོལ་ནས། ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།