ཧན་ཀྲིན་གྱིས་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་གཞོན་པར་མཇལ་འཕྲད་གནང་།
2023.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་གཞོན་པ་མན་ཀི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་བར་ཐོག་མཐའ་བར་གསུམ་དུ་གཅིག་སེམས་གཅིག་གཏོད་དང་སྐྱིད་སྡུག་མཉམ་མྱོང་བྱས་པའི་དབང་གིས། ཕན་ཚུན་བར་མཛའ་མཐུན་གྱི་ལོ་རྒྱུས་རྒྱུན་རིང་ལྡན། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་སྐུལ་འདེད་འོག་ཏུ། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་ཁྱོན་ཡོངས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡ་འདི་ཉིད་གྲོགས་པོ་བཟང་བོ་དང་བློ་གཏད་ཆོག་པའི་ཟླ་གྲོགས་སུ་བརྩིས་ནས། མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། མིག་སྔའི་གནས་བབ་འོག་ཏུ། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་བར་གྱི་མཐུན་སྒྲིལ་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀས་སྔར་ལས་ལངས་ཕྱོགས་གསལ་སྟོན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

མན་ཀི་ཡིས་རྒྱལ་ཁབ་གཉིས་བར་ཕུ་ནུ་ལྟ་བུའི་འདང་བརྩེ་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡའི་རིམས་ནད་སྔོན་འགོག་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་སྔར་ལས་གཏིང་ཟབ་ཏུ་ཕྱིན་ཡོད། ཐིག་དམར་ཀུའི་ནེ་ཡའི་ཀྲུང་གོ་འདི་ཉིད་འཐབ་ཇུས་ཀྱི་གྲོགས་པོ་གལ་ཆེན་ཏུ་བརྩིས་ནས། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ཏེ། ཀྲུང་གོའི་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།