ཟླ་བདུན་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་སྐབས་ཉི་ཤུ་པའི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་ལ། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། བཅོས་བསྒྱུར་གྱི་བསམ་ཕྱོགས་ལ་བརྟེན་ནས་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། བཅོས་བསྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་དཀའ་ཁག་གནད་དོན་ཐག་བཅད་དེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་རྒྱུ་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བའི་ལམ་བུ་གལ་ཆེན་དུ་བརྩི་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་དབྱང་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་དང་ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ཏུ། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁུང་གི་འགོ་གཙོ་ཏའེ་པིན་དང་། ཀྲུང་གོ་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲུང་ལེན་ཧྲིན། ཀྲུང་གོ་ཡུལ་སྐོར་སྡེ་ཚོགས་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་སུང་ཁྲིན་ལུང་བཅས་ཀྱིས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པ་གཙིགས་སུ་འཛིན་པ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་དང་བསམ་ཕྱོགས། བྱེད་ཐབས། ལམ་བུ། དཔེ་གཞི་སོགས་ལ་དམིགས་ནས་བྱ་བའི་བསམ་ཚུལ་དང་གྲོས་གཞི་བཏོན། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།
ཚོགས་ཐོག་ནས། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱས་པ་དང་། ཆེས་གསར་བ་དང་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ནས། གྲུབ་འབྲས་བཟང་བོ་བླངས་ན་ཡང་། ད་དུང་འབུར་དུ་ཐོན་པའི་ཞན་ཆ་དང་དཀའ་ཁག་ཁ་ཤས་ཡོད་པས། བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་རྣམ་པ་བརྒྱུད་དེ་ཐག་གཅོད་དགོས།
ཚོགས་ཐོག་ནས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་ལས་འགན་གལ་ཆེན་ཡིན་ལ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཡང་ཡིན་པས། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་སྐྱེ་ཁམས་ཡུལ་སྐོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་མངོན་པར་བྱས་ཏེ། རྒྱལ་སྤྱིའི་དགེ་མཚན་དང་སྦས་ཤུགས་ལ་ལྟ་སྟངས་འཛིན་པ་དང་། རྒྱལ་སྤྱིའི་མཐོང་རྒྱར་བརྟེན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ། རྒྱལ་སྤྱིའི་ཚད་གཞི་ལ་བརྟེན་ནས་ཡུལ་སྐོར་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱེད་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ་དང་། དུས་རིམ་དང་ཁུལ་ཁོངས་བགོས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པའི་དམིགས་ཚད་མ་ལག་དང་སྲིད་ཇུས་ཀྱི་འདེགས་སྐྱོར་གྲུབ་པར་བྱས་ནས། ཡུལ་སྐོར་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་ཉེ་དུས་ཀྱི་དམིགས་འབེན་དང་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པའི་ཡུན་རིང་གི་དམིགས་འབེན་གཅིག་གྱུར་བྱེད་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག་གོ་རིམ་ལྡན་པའི་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་དང་ཡུལ་སྐོར་ཕན་ཡོད་མཉམ་འདྲེས་བྱེད་པའི་ལམ་བུ་འཚོལ་བ། ཞིང་བར་འབྲེལ་འདྲིས་དང་ཞིང་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་གསར་གཏོད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་ཡོང་སྒོ་འཕར་སྣོན་གཏོང་བ་དང་ཕྱུག་པོར་བསྒྱུར་དགོས། ཚོང་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། རིགས་སོ་སོའི་ཚོང་རའི་གཙོ་གཞིའི་བརྩོན་སེམས་ཆེར་སྐྱེད་པ་དང་། སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་བྱེད་པ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་བྱ་བར་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་དགོས། ཡུལ་སྐོར་འཕེལ་རྒྱས་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་སྟོབས་ལྡན་དུ་བསྒྱུར་བ། མཚོ་སྔོན་པོ་སྐོར་བའི་ཡུལ་སྐོར་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ། ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ས་ཁུལ་སྐྱེད་སྲིང་བྱས་ནས། གཅིག་གྲུབ་ན་གཅིག་ཕྱིར་འདོན་དགོས། སྔོན་དུ་ལས་གཞི་གཙོ་བོར་ཇུས་འགོད་བྱེད་པ་དང་། སྐྱེ་མཁས་སྲུང་སྐྱོབ་བྱེད་རྒྱུ་ཚད་མཐའ་རུ་བྱེད་པ། འཆར་འགོད་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བ། ཡུལ་སྐོར་ལས་གཞི་གཙོ་བོར་སྤྱི་ཁོག་ནས་ཇུས་འགོད་བྱེད་པ་དང་གཅིག་གྱུར་སྒོས་བཀོད་གཏོང་བྱེད་པ། སྲིད་ཇུས་ཆ་སྡེབས་བྱེད་དགོས། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཤུགས་ཆེར་གཏོང་བ་དང་། པུའུ་དང་ཞིང་ཆེན་གྱི་མཉམ་འཛུགས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་མཉམ་ལས་སོགས་ཀྱི་དགེ་མཚན་ལ་རྒྱབ་རྟེན་ནས། ཡུལ་སྐོར་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། རང་ས་ཆའི་ཤེས་ལྡན་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱས་ནས། ཆེད་ལས་མི་སྣས་ཆེད་ལས་ཀྱི་བྱ་བ་བསྒྲུབ་ཏུ་འཇུག་དགོས།
ཚོགས་ཐོག་ནས། རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གནད་དོན་གཙོ་བོ་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ནུས་ཤུགས་ཆེར་གཏོང་བ། མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་རེ་བ་གལ་ཆེན་ལྟར། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པ་དང་། རིམ་ངོས་ཀྱི་འགལ་རྩོད་གནད་དོན་ལ་དབྱེ་ཞིབ་དང་ཇུས་འགོད་བྱེད་པ། ཡུལ་སྐོར་ཚོང་རྟགས་མིང་གྲགས་ཅན་གྱི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གཙོ་གནད་བྱ་བ་སྔ་མོ་ནས་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་ངོ་སྤྲོད་དང་ཡུལ་སྐོར་ཁྲིམས་འཛིན་བྱེད་ཤུགས་ཆེར་གཏོང་བ་དང་། དྲང་ཕྱོགས་ཀྱི་གླེང་ཕྱོགས་དང་སྣེ་ཁྲིད་ལ་ཤུགས་སྣོན་པ། ཚོང་རའི་དགོས་མཁོ་དང་ཡུལ་སྐོར་བའི་དགོས་མཁོ་ལ་དམིགས་ནས། མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ་དང་། ཁྱད་ལྡན་ཐོན་ཁུངས་ངོ་སྤྲོད་བྱེད་པ། མཚོ་སྔོན་གྱི་འགུག་ཤུགས་མངོན་པར་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ད་དུང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་ལ་གྲོས་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།