ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་སུ་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་གཏན་འཁེལ་བཅས་བྱས་ནས། འཐབ་ཁུལ་འཛུགས་སྐྲུན་དང་དམག་འཐབ་དམག་རྒྱག་གི་གྲ་སྒྲིག་ལས་དོན་ལ་རྣམ་པ་གསར་པ་མངོན་དུ་འཇུག་དགོས་ཞེས་གསུངས།
ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་བཅོ་ལྔའི་སྟེང་དུ། ཞི་ཅིན་ཕིང་ཤར་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་སུ་ཕེབས་ནས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།
ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་བཙུགས་པ་ནས་བཟུང་། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བཅས་ཀྱི་ཆེད་བྱས་རྗེས་འབུར་ཐོན་བཞག་པའི་ཐད་ཁས་ལེན་གང་ལེགས་གནང་།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད་པས། རང་རྒྱལ་གྱི་བདེ་འཇགས་གནས་བབ་ཀྱི་བརྟན་པོ་མིན་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་ཡང་དེ་བསྟུན་མངོན་སུམ་ཆེ་རུ་འགྲོ་བཞིན་ཡོད། དུས་དང་རྣམ་པ་ཀུན་ཏུ་ལས་འགན་བློ་ལ་བརྟན་པོ་ངེས་པར་བྱེད་པ་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཉེན་ཚབས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་འཐབ་ཁུལ་གྱི་འགན་ནུས་གཙོ་བོ་བཟང་བོར་སྒྲུབ་དགོས། དམག་འཐབ་དང་དམག་རྒྱག་གི་འཆར་འགོད་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་སྔར་ལས་སྟོབས་ལྡན་དུ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས། རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་ངང་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གྱི་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། ཏང་འཛུགས་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་ལག་ལེན་བྱེད་སྒོར་དམ་འཛིན་གང་ལེགས་བྱེད་པ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བའི་རུལ་སུངས་ལ་རྒོལ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཏན་ཏིག་ངང་སྒྲུབ་པ། འཐབ་ཁུལ་ཏང་ཨུའི་མགོ་ཁྲིད་ཀྱིས་དམག་འཐབ་དམག་རྒྱག་གི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་ཚང་མ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲང་ཡིའུ་ཞ་སོགས་བྱ་འགུལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།