ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་ནས། ཆེད་མཁས་པ་དང་མཁས་དབང་གིས་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཚོགས་འདུར་ཞུགས།
ལིས་ཆང་གིས་རང་རྒྱལ་འདི་ཉིད་དཔལ་འབྱོར་སླར་གསོ་དང་ཐོན་ལས་རིམ་སྤོར་གྱི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་དགོས། འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ། ཉེན་ཁ་འགོག་པ་སོགས་ལ་དམ་པོར་དམིགས་ཏེ། ཁ་གཏད་རང་བཞིན་དང་སྡེབ་སྒྲིག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་ལག་བསྟར་དམ་འཛིན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ཏེ། བྱེད་ཐབས་བསྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པ། སྒུལ་ནུས་ཆེར་སྐྱེད་བཅས་ཀྱི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱེད་དགོས། སྲིད་གཞུང་དང་དམངས་གཉེར་ཁེ་ལས་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་སོགས་ཁེ་ལས་ཀྱིས་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ལས་དོན་གྱི་མཉམ་འགུལ་རང་བཞིན་ལ་ཤུགས་བསྣན་ནས། ཐབས་ཇུས་ཀྱི་ཚན་རིག་རང་བཞིན་ཆེ་རུ་གཏོང་དགོས་ཞེས་གསུངས།
ལིས་ཆང་གིས་རྒྱ་ཆེའི་ཆེད་མཁས་པ་དང་མཁས་དབང་ཚོས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་འཆུག་མེད་བྱས་ཏེ། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་གང་མང་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།