ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་བར“འཁྱག་གཏོར་ཡུལ་སྐོར”སྤེལ་ནས་ལོ་བདུན་ཅུ་འཁོར་བའི་བྱེད་སྒོར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།
2023.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་བར“འཁྱག་གཏོར་ཡུལ་སྐོར”སྤེལ་ནས་ལོ་བདུན་ཅུ་འཁོར་བའི་བྱེད་སྒོར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ལོ་བདུན་ཅུའི་སྔོན་ལ། སྐུ་ཞབས་ཅེ་ཁི·ཕེ་ལིས་མཚོན་བྱེད་ཡིན་པའི་དབྱིན་ཇིའི་ཁེ་ལས་པས་ཀྲུང་གོ་གསར་པའི་འོད་ཟེར་ལྡན་པའི་མདུན་ལམ་དང་ཀྲུང་དབྱིན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མ་འོངས་སྔོན་མཐོང་བྱས་པ་དང་། ཞུམ་པ་མེད་པའི་བློ་སྟོབས་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཁྱད་སེལ་བྱས་ཏེ། ཀུན་གྱི་སྔོན་ལ་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་བརྗེ་རེས་ཀྱི་ལམ་བུ་བཏོད། ལོ་བདུན་ཅུའི་སྔོན་ལ། “འཁྱག་གཏོར་བའི”མི་རབས་དུ་མས་ཀྲུང་གོའི་འཕེལ་རྒྱས་དང་བཅོས་སྒྱུར་ལས་དོན་ལ་བདེན་དཔང་བྱས་པར་མ་ཟད། དེའི་ཁྲོད་འབད་པས་ཞུགས་ནས། གཉིས་ཕན་མཉམ་ལས་ཁྲོད་རང་ངོས་ཀྱི་འཕེལ་རྒྱས་སྔར་ལས་སྟོབས་ལྡན་དུ་ཕྱིན། ཕྱོགས་གཉིས་ཀའི་ཐུན་མོང་འབད་བརྩོན་འོག་ཏུ། ཀྲུང་གོ་དང་དབྱིན་ཇིའི་བར་དུ་ཉོ་ཚོང་གི་བྱེད་སྒོ་མེད་པ་ནས་ཡོད་པར་གྱུར་ནས། ད་ལྟ་ཉོ་ཚོང་གི་ཚད་ཨ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཡོད། ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་དངོས་བསྐྲུན་ཡོད་པ་ར་སྤྲོད་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ལ་འགྲན་སློང་སྣ་ཚོགས་མཉམ་འདྲེས་བྱས་ཡོད་པའི་དབང་གིས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་བར་འགལ་རྐྱེན་ཅི་རིགས་བཟོས་ཡོད། ཀྲུང་གོ་དང་དབྱིན་ཇིའི་ལས་རིགས་སོ་སོའི་ཤེས་ལྡན་མི་སྣས་མིག་རྒྱང་རིང་བོ་འཛིན་པ་དང་སྒོ་འབྱེད་མཉམ་ལས། གཞན་གྱི་སྔོན་མ་བྱེད་ཕོད་པ་བཅས་ཀྱི་འཁྱག་གཏོར་སྙིང་སྟོབས་རྒྱུན་འཛིན་བྱས་ནས། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་འབད་པས་བསྐྲུན་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་དབྱིན་ཇིའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།