ཧན་ཀྲིན་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་གི“འཁྱག་གཏོར་ཡུལ་སྐོར”སྤེལ་ནས་ལོ་བདུན་ཅུ་འཁོར་བའི་བྱེད་སྒོར་ཞུགས།
2023.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་གི“འཁྱག་གཏོར་ཡུལ་སྐོར”སྤེལ་ནས་ལོ་བདུན་ཅུ་འཁོར་བའི་བྱེད་སྒོར་ཞུགས་ནས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་འདིའི་སྟེང་ནས། ད་ཐེངས་ཀྱི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཐུབ། ལོ་བདུན་ཅུའི་སྔོན་ལ། སྐུ་ཞབས་ཅེ་ཁི·ཕེ་ལིས་ཀྱིས་མཚོན་པའི་དབྱིན་ཇིའི་ཁེ་ལས་མཁས་ཅན་གྱིས། ནུབ་ཕྱོགས་ཀྱིས་ཀྲུང་གོར་ཉོ་ཚོང་བྱེད་པའི་ཐད་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཀྱི་སྒོ་མོ་ཕྱེས་ནས། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་ལོ་རྒྱུས་སྟེང་དུ་དགེ་མཚན་བསྣན།  དུས་ཡུན་རིང་པོའི་ནང་། དབྱིན་ཇིའི་སྡེ་ཚོགས་ཞེ་བརྒྱད་ཀྱི་སྤྲོ་སྐྱིད་ཁང་དང་། དབྱིན་ཇི་དང་ཀྲུང་གོའི་ཉོ་ཚོང་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་རྒྱུན་འཛིན་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་བཞག་ཡོད་ཅེས་གསུངས།

ཧན་ཀྲིན་གྱིས་ལོ་བདུན་ཅུའི་རིང་ལ། ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཀྱིས་ཕན་ཚུན་བར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་ཡོད་ཅིང་། དེའི་ངོ་བོ་ནི་གཉིས་ཕན་མཉམ་ལས་ཡིན། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་འཇོན་ཐང་མི་སྣས་འཁྱག་གཏོར་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་དབྱིན་ཇིའི་མཛའ་མཐུན་མཉམ་ལས་དང་། ལྷག་པར་དུ་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཀྲུང་གོ་དང་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་བརྒྱ་ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།