ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2023.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་རྒུད་སྐྱོབ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་དུས་ཐོག་ཏུ་ལག་བསྟར་དངོས་འབེབས་ཐད་བྱ་བའི་རེ་བ་བཏོན། ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆེད་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་རྒུད་སྐྱོབ་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ཆུ་ལོག་སྔོན་འགོག་རྒུད་སྐྱོབ་བྱ་བར་མཐོང་ཆེན་བྱེད་པ་མཚོན་ཡོད་ལ། མི་དམངས་དཀྱིལ་སྙིང་དུ་བཟུང་བའི་སྲིད་འཛིན་ཐུགས་དགོངས་མངོན་པར་བྱས་ཡོད་པ་དང་། ང་ཚོས་ཤུགས་ཆེན་པོས་མིག་སྔའི་ཆུ་ལོག་སྔོན་འགོག་བྱ་བ་དམ་འཛིན་བྱེད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པས། མཚོ་སྔོན་གྱི་དོན་དངོས་སུ་ཟུང་འབྲེལ་སྒོས་ནན་ཏན་གྱིས་གོ་བ་ལེན་པ་དང་མཐའ་གཅིག་ཏུ་དངོས་འབེབས་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་དབང་གིས་རང་ཞིང་དུ་དྲག་ཆར་དང་ཆུ་ལོག འདམ་རུད་སོགས་གནོད་འཚེའི་ཐོལ་བྱུང་རང་བཞིན་དང་། རྒྱུན་ལྡན་མིན་པའི་རང་བཞིན། ཚོད་དཔག་དཀའ་བའི་རང་བཞིན་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ཡོད། ཆུ་ལོག་སྔོན་འགོག་བྱ་བ་བཟང་བོར་བསྒྲུབ་པའི་གལ་འགངས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་སྔོན་བརྡ་དང་ཉེན་བརྡ། སྔོན་སྦྱོང་། ཇུས་འདོན་བཅས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། ཕྱོགས་ཡོངས་ནས་ཆར་དང་ཆུའི་གནས་ཚུལ་དང་། ཉེན་ཁ་དང་གནོད་འཚེའི་གནས་ཚུལ་བཅས་འགོག་སྲུང་བྱེད་ཤུགས་སྣོན་བྱས་ཏེ། ཆུ་ལོག་སོགས་རང་བྱུང་གནོད་འཚེའི་དོགས་ཟོན་བྱ་བ་བཟང་བོར་བསྒྲུབ་དགོས། ཆུ་ལོག་སྔོན་འགོག་གི་རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆུ་བོ་ཆུང་འབྲིང་གི་རྒྱུ་ལམ་གྱི་བཅོས་སྐྱོང་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མཁར་གྲོང་གི་ཆུ་ལོག་སྔོན་འགོག་གི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས། དྲིལ་སྒྲོག་སློབ་གསོའི་བྱ་བ་རྒྱ་ཆེར་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཆུའི་ཉེན་ཁའི་འདུ་ཤེས་དང་གནོད་འགོག་རྒུད་སྐྱོབ་ནུས་པ་མཐོར་འདེགས་བྱེད་དགོས།

གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་དང་འགན་ནུས་སྡེ་ཁག་གིས་མི་དམངས་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཤིང་། སྣང་མེད་བསམ་བློ་དང་སྟས་དབང་བསམ་བློ་ཁྱད་དུ་བསལ་ནས་བྱ་བའི་བཀོད་གཏོང་ལ་ཤུགས་སྣོན་པ་དང་། དུས་ལྟར་ཉམས་མྱོང་སྤྱི་བསྡོམས་བྱེད་པ། ཆུ་ལོག་སྔོན་འགོག་བྱ་བའི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས་རྒྱུན་ཆད་མེད་པར་འཕྲལ་སྒྲུབ་བཀོད་འདོམ་ནུས་པ་མཐོར་འདེགས་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་ལས་ཡུལ་དང་པོར་འགྲོ་བ་དང་། ཡུལ་དངོས་ནས་བཀོད་འདོམ་བྱས་ཏེ། དུས་ངེས་མེད་དུ་བསྐྱུར་ཐབས་མེད་པའི་འགན་འཁྲིའི་བསམ་པ་སྲུང་འཛིན་བྱས་ནས། ས་སྲུང་འགན་ཡོད་དང་ས་སྲུང་འགན་ཁུར། ས་སྲུང་འགན་བསྟར་བྱ་བ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་འཕྲལ་སྒྲུབ་ལས་རེས་ལ་ཤུགས་སྣོན་པ་དང་། ལྟ་རྟོག་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ། གནོན་ཤུགས་བརྒྱུད་སྤྲོད་རྣམ་པ་ཆགས་པར་བྱས་ཏེ། ཁག་ཁུར་འབད་འཐབ་ཀྱིས་ཤུགས་ཆེན་པོས་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ནས། བདེ་འཇགས་ངང་ཆར་ཆུ་མོད་པའི་དུས་ཚིགས་བརྒལ་བར་ཁག་ཐེག་བྱེད་དགོས།

བསོད་ནམས་ཚེ་རིང་གིས་བསྒྱུར།