ཟླ་བདུན་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཟླ་བདུན་པ་ནས་ཟླ་བཅུ་གཉིས་པའི་བར་ལ་ཞིང་ཆེན་ཡོངས་སུ་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ནས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ནས་འགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་སྡེའི་ཁྲོད་གནས་པའི་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བཅོས་སྐྱོང་བྱས་ནས། སྣང་ཚུལ་གསར་བ་དང་ཁག་ཁུར་གསར་བ། གྲུབ་འབྲས་གསར་བས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐག་བཅད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་སྐུལ་སློང་བཀོད་སྒྲིག་གཏམ་བཤད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྤྱོད་ཚུལ་གནད་དོན་དེ་སྲིད་འཛིན་གྱི་གཞི་རྩ་དང་དམངས་སེམས་ཕྱོགས་ས། ལས་དོན་འཕེལ་རྒྱས་སུ་གཏོང་བ་བཅས་ལ་འབྲེལ་བ་ཡོད། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་སྤེལ་བ་ནི། འགོ་ཁུངས་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་བསྒྱུར་བྱེད་པ་དང་ཏང་སྲོལ་སྲིད་སྲོལ་གཟབ་ནན་བྱེད་པ། བྱ་བའི་ཕན་ནུས་མཐོར་འདེགས་གཏོང་བ་དང་ལས་བྱེད་པར་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འགན་ཁུར་བ་དང་ཏང་ཀྲུང་དབྱང་ལ་འགན་ཁུར་བ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་འགན་ཁུར་བ། ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་རྣམ་འགྱུར་ཇེ་བརྟན་དུ་གཏོང་བ་དང་། རུས་གཞོག་དུག་སེལ་དང་སྤྱོད་ཚུལ་དག་ཐེར་བྱེད་པའི་ཆོད་སེམས་མངོན་པར་བྱེད་པ། ཞིང་ཆེན་ཏང་ཨུས་འགོ་ཁྲིད་པ་དང་གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པའི་ཁྲིད་ཕྱོགས་མངོན་གསལ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ལ་གཅིག་བསྡུས་སྒོས་བརྟག་བཤེར་ཐེངས་གཅིག་དང་བཅོས་སྐྱོང་ཐེངས་གཅིག་སྤེལ་བ་དང་། སྤྱོད་ཚུལ་བཟང་བོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བསམ་བློའི་གོ་རྟོགས་གཅིག་གྱུར་བྱེད་པ་དང་། སྤྱོད་ཚུལ་བཅོས་སྐྱོང་གི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཏན་ཁེལ་བྱས་པའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་དང་། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ལྷག་པར་དུ་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲི་ཕྱོགས་ཡོངས་ནས་ཕྲག་ཏུ་ལེན་པ། སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་སྲོལ་ངན་ལ་ཆམ་ཕབ་གཏོང་བ། དོ་དམ་ནན་མོ་དང་བཅོས་སྐྱོང་ནན་མོ་བྱེད་པའི་འཇིགས་ཟིལ་གྲུབ་པར་བྱེད་པ། ཞིབ་བཤེར་བྱེད་ཚད་མི་འདང་བ་དང་སྤྱོད་ཚུལ་བསྒྱུར་བའི་གོ་སྐབས་གཅེས་སྤྲས་དང་བེད་སྤྱོད་བྱེད་པ། རྙེད་པའི་སྤྱོད་ཚུལ་གནད་དོན་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་པ། གུས་ཞེད་ཀྱི་སེམས་པ་དང་འཇིགས་ཟོན་གྱི་སེམས་པ་གྲུབ་པར་བྱས་ནས། བསམ་བློ་སྟེང་གི་བཅོས་བསྒྱུར་ཆེན་པོ་ཡོངས་འགྲུབ་བྱེད་དགོས།
ཁྲིན་ཀང་གིས་བསྟན་དོན། སྤྱོད་ཚུལ་གནད་དོན་བྱུང་བའི་གནད་འགག་ནི་སྒྲིག་ལམ་དམ་པོ་མ་བྱས་པ་དང་འགན་འཁྲི་རྩད་གཅོད་ནན་མོ་མ་བྱས་པ། འཇིགས་ཟིལ་གྲུབ་པར་མ་བྱས་པར་ཐུག་ཡོད། སྤྱོད་ཚུལ་འཛུགས་སྐྲུན་གྱི་གནད་འགག་དུས་སྐབས་སུ་སླེབས་དུས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར། ངེས་པར་དུ་བཅོས་དཀའི་གཅོང་ནད་ལ་དམིགས་པ་དང་། སྒྲིག་མེད་ཁ་ཐོར་གྱི་མི་དང་བྱ་བ་སྐོར་ཞིག་ལ་སློབ་གསོ་གཏོང་བ་དང་བཅོས་སྐྱོང་བྱེད་པ། ལས་བྱེད་པ་སྐོར་ཞིག་གི་སྲོལ་ངན་དང་རུལ་སུངས་གཞི་གཅིག་གི་གནད་དོན་ལ་མཐའ་གཅིག་ཏུ་རྩད་གཅོད་བྱེད་པ། འགན་སྒྲུབ་ནན་མོ་མི་བྱེད་པའི་ལས་བྱེད་པ་སྐོར་ཞིག་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། དུས་ཐོག་ཏུ་ཁྲིམས་འགལ་སྒྲིག་འགལ་བྱས་པའི་དཔེ་མཚོན་གྱོད་གཞི་སྐོར་ཞིག་ཡོངས་བསྒྲགས་བྱེད་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སྐོར་ཞིག་ཐག་གཅོད་པ། ཚད་མཐའ་མི་གསལ་བའི་ལམ་ལུགས་གཏན་ཁེལ་སྐོར་ཞིག་ཚད་ལྡན་དུ་བསྒྱུར་བ་བཅས་བྱེད་པ་ལས། ལག་བསྟར་ནན་མོ་བྱེད་པ་དང་བྱ་བ་བཟང་བོར་མི་བསྒྲུབ་པའི་ལས་བྱེད་པ་རང་དགར་དུ་བསྐྱུར་མི་རུང་བ་དང་། སྲོལ་ངན་དང་རུལ་སུངས་ཡང་བསྐྱར་མི་འབྱུང་བར་བྱེད་པ། འབད་བརྩོན་མི་བྱེད་པ་དང་བྱ་བ་མི་བསྒྲུབ་པ། འགན་འཁྲི་ལག་བསྟར་མི་བྱེད་པའི་ལས་བྱེད་པར་བཟོད་སྒོམ་མི་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་ལམ་ལུགས་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་ཇེ་བཟང་གཏོང་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་བཅོས་སྐྱོང་གི་འགུལ་སྐྱོད་དངོས་དེ་གཏན་ཕབ་གཉིས་བརྩི་མཐོང་ནན་མོ་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པར་ཞིབ་དཔྱད་བྱེད་པའི་བྱེད་ཐབས་སུ་བརྩི་བ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་ནས་འགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པ་རྒྱུན་འཁྱོངས་བྱེད་པ། རིམ་པ་བཞིན་འགན་འཁྲི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྒྲིག་ལམ་ལག་བསྟར་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། རེ་བ་ནན་མོ་དེ་སྒྲིག་ལམ་ལག་བསྟར་དང་འགན་འཁྲི་རྩད་གཅོད་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། མིར་ཕོག་ཐུག་གཏོང་བར་མི་སྐྲག་པ་དང་ཟེར་གླེང་བྱེད་པར་མི་སྐྲག་པ། སྒྲོ་འདོགས་ལ་མི་སྐྲག་པར་བྱེད་པ། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་མོ་བྱེད་པ་དང་འགན་ནན་མོ་ཁུར་བར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་འཐབ་འཁྲུག་བཟང་བོར་རྒྱག་དགོས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཆབ་སྲིད་ཀྱི་རང་རྟོགས་ཇེ་མཐོར་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་སྟེང་གཅིག་གྱུར་བྱེད་པ། གཏན་ཕབ་གཉིས་བརྩི་མཐོང་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་དང་འབད་འཐབ་ལྷོད་མེད་ཀྱི་བྱ་བའི་རྣམ་འགྱུར་ལ་བརྟེན་ནས། སྤྱོད་ཚུལ་བཅོས་སྐྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས། བཅོས་སྐྱོང་གནད་དོན་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གཤིས་གོ་རྟོགས་སྟེང་འགོ་ཁུངས་འཚོལ་བ་དང་། ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བའི་སྟེང་བར་ཆད་ཡོ་བསྲང་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ། གྲི་ཁ་ནང་ལ་ཕྱོགས་པ་དང་སྐྱོན་ཆ་ཕྱིར་འདོན་བྱེད་ཕོད་པ། དཔེ་མཚོན་གྱོད་གཞིར་ཞིབ་བཤེར་ནན་མོ་བྱེད་པ། སྒྲིག་ལམ་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ཤུགས་བསྣན་ནས། ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་ཇེ་བཟང་དུ་གཏོང་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་དགོས། གྲུབ་འབྲས་བསྒྱུར་བར་དོ་སྣང་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བཅོས་སྐྱོང་ཁྲོད་ཀྱི་སྤྲོ་སེམས་དང་ངར་ཤུགས་དེ་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ་དང་ལག་བསྟར་དམ་འཛིན་བྱས་ནས་གྲུབ་འབྲས་ལེན་པའི་སྟེང་གཅིག་བསྡུས་བྱེད་པ། དཀའ་ཁག་ལ་མི་འཛེམ་པའི་ཁག་ཁུར་དང་རྒྱལ་ཁ་བརྩོན་ལེན་བྱེད་པའི་ངར་སེམས། བྱས་རྗེས་བསྐྲུན་པའི་བརྟན་སེམས། དཀའ་ཁག་སེལ་བའི་སྤོབས་པར་བརྟེན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཚན་ཁག་བཅས་ཀྱི་ཁོངས་མི་དང་། ཞིང་ཆེན་ཁྲིམས་ཁང་གི་འགོ་གཙོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ཏང་ཨུ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།
རིན་ཆེན་མཚོས་བསྒྱུར།