ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས། ཅང་སུའུ་ལ་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་ཚན་རིག་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ། ཚོང་གཉེར་ཁོར་ཡུག་ལེགས་པོ་ཡོད་པ། ཁྲོམ་རའི་གཞི་ཁྱོན་ཆེ་བ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀུན་གྱི་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱེད་པ་དང་ཀུན་ལ་དཔེ་སྟོན་བྱེད་པའི་ནུས་པ་དང་འགན་འཁྲི་ཡོད། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་བ་དང་གནད་ལ་འཁེལ་བའི་ངང་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་མིག་དཔེ་བརྩོན་ལེན་བྱེད་པ། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཐད་དཔེ་སྟོན་བརྩོན་ལེན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀུན་གྱི་སྔོན་ལ་མངོན་འགྱུར་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་སུའུ་ཡི་ལག་ལེན་གསར་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས།“སྟོབས་ལྡན་ཕྱུག་འགྱུར་དང་མཛེས་སྡུག་བླ་མེད”ཀྱི་ཅང་སུའུ་ཡི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགག་རྩ་དེ་ཚན་རྩལ་དེང་རབས་ཅན་ལ་ཐུག་ཡོད། ཅང་སུའུ་ཡིས་ཚན་རྩལ་གསར་གཏོད་ཐད་སྔོན་ལ་མཁྲེགས་གཏོར་གསར་པ་ཡོང་བར་བྱས་ནས། རྒྱལ་ཡོངས་ཀྱི་ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་གལ་ཆེན་བསྐྲུན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འདི་ཉིད་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ནང་དོན་ལ་བརྩིས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་རང་བདག་གོ་གནས་ལ་ཤུགས་སྣོན་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁེ་ལས་སུ་འདུ་བར་སྐུལ་འདེད་བཏང་ནས། ཚན་རྩལ་གྱི་གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་དང་འཇོན་ཐང་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས། ཁྱོན་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པར་བྱེད་པ་དང་། སྣེ་མང་ཅན་གྱིས་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་ཇེ་མང་དུ་གཏོང་བ། ཤེས་བྱའི་བདག་དབང་ལ་ཁྲིམས་སྐྱོང་གི་ངོས་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་སོ་སོའི་འཇོན་ཐང་མི་སྣའི་གསར་གཏོད་གསོན་ཤུགས་རྒྱས་པར་སྐུལ་སློང་གང་ལེགས་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དངོས་ཕུང་དཔལ་འབྱོར་བརྟན་སྲུང་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུ་དེ་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་གཙོ་གནད་དུ་བརྩིས་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་གང་མགྱོགས་ངང་བསྐྲུན་པ། གཞི་གྲངས་དཔལ་འབྱོར་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་རྨང་གཞིའི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་གེགས་མེད་ཤར་བགྲོད་ཐུབ་པར་བྱེད་པ་དང་། དཀའ་གནད་སེལ་བ་དང་ཆད་པ་ཁ་གསབ་བྱེད་པ། ཕྱི་རྒྱལ་གྱི་མ་དངུལ་འགུག་འདྲེན་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་སྟངས་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་པ། འཛམ་གླིང་གི་ཤུགས་ཅི་ཡོད་འདུས་པའི་ཕྱོགས་གཉིས་སྒོ་འབྱེད་ཀྱི་ལྟེ་གནད་འཛུགས་པ། ཕྱི་ཕྱོགས་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ཏེ། རྒྱལ་སྤྱིའི་ཚོང་ར་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན། ཅང་སུའུ་ཡིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་རྒྱུར་ཤུགས་བསྣན་ནས། འབྲི་ཆུ་དང་མིས་བཟོས་གཙང་པོ་ཆེན་པོ་གཉིས་ཀྱི་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འབད་པས་བསྐྲུན་དགོས་ལ། དེང་རབས་ཀྱི་ཚན་རྩལ་དང་སློབ་གསོའི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་གཞི་ཅན་དང་ཆ་སྙོམས་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་ཏན་ཏིག་ངང་གསར་གཏོད་བྱེད་པ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དེང་རབས་དཔལ་ཡོན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཅང་སུའུ་ཡིས་ངེས་པར་དུ་དམངས་འཚོར་འགན་ལེན་དང་དེ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཀུན་གྱི་མདུན་གྲལ་དུ་བསྐྱོད་དགོས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཡི་ཉམས་མྱོང་”དང“ཕུའུ་ཅང་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་གྲོང་གསེབ་བཅོས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཕྲལ་སྡོམ་དོ་དམ་མ་ལག་དང་དེའི་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་དུ་སྤེལ་ཏེ། བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་འབྱུང་བར་དོགས་ཟོན་མཐོར་འདེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་འདི་ཉིད་ཆུ་ལོག་གི་གནོད་པ་འགོག་པའི་གནད་འགག་གི་དུས་མཚམས་སུ་སླེབས་ཡོད་ཅིང་། གཙང་པོ་དང་མཚོ་དང་མཚེའུ། ཆུ་མཛོད་བཅས་ལ་ཆུ་བོ་ཆེ་རུ་རྒྱས་པའི་འགྲོས་དང་བསྟུན་ནས་ཆུ་ལོག་གི་ཉེན་ཁ་ཚབས་ཆེན་འབྱུང་ཉེན་ཆེ་ལ། དུས་མཚུངས་སུ་ས་ཆ་ཁ་ཤས་སུ་ཐན་སྐྱོན་གྱི་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་ནགས་ཚལ་མེ་སྐྱོན་གྱི་ཉེན་ཁའང་ཆེ་རུ་འགྲོ་བཞིན་ཡོད། ས་གནས་དང་སྡེ་ཁག་སོ་སོས་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་སེལ་བར་འབད་དེ། མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་གཙང་ལེན་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སུ་འགན་ལེན་བྱ་རྒྱུ་གཙོ་བོར་བཟུང་ནས། གནོད་འཚེ་དང་འབྲེལ་བའི་འགལ་རྐྱེན་ལ་སྐོར་ཞིབ་དང་ཉེན་ཁ་སེལ་རྒྱུར་ཤུགས་བསྣན་ཏེ། འཕྲལ་སྡོམ་གྲ་སྒྲིག་སྔ་མོ་ནས་ཚགས་སུ་ཆུད་པ་བྱས་ནས། གྱོང་གུད་ཅི་རིགས་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གལ་ཆེའི་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་འགོག་སྲུང་ལ་ཤུགས་བསྣན་ནས། ནུས་ཁུངས་དང་གློག་ཤུགས་སྡེ་ཁག་དང་ལྷག་པར་དུ་ཀྲུང་དབྱང་ཁེ་ལས་ཀྱིས་ནུས་ཁུངས་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ལ་ཤུགས་རྐྱེན་ཆེན་པོ་མི་ཐེབས་པར་འགན་ལེན་གང་ལེགས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་གཙོ་གནད་བྱེད་ཐབས་ཁག་ལ་ཕྱོགས་ཡོངས་ནས་དམ་འཛིན་དང་ཏན་ཏིག་བྱས་པར་ཕན་འབྲས་བཟང་པོ་མངོན་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ལག་ལེན་ལ་མཐོང་ཆེན་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱེད་པ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱས་ཏེ། ལས་དོན་ལེགས་བཅོས་གཏོང་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ལས་དོན་སྒྲུབ་པའི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ལས་དོན་སྒྲུབ་པའི་མཉམ་ཤུགས་གྲུབ་པར་བྱེད་དགོས་པ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། གཅིག་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཆེ་རྔམ་ཕྱི་གཉེར་དང་ལས་དོན་རྨོངས་ཚོད་ཀྱིས་གཉེར་བ། མཁས་ཉམས་བསྟན་ནས་གཞན་གྱི་ཡིད་དབང་འཕྲོག་ཐབས་བྱེད་པ་བཅས་བྱེད་མི་རུང་བ་དང་། ཕན་འབྲས་དངོས་དོན་དུ་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕྱི་མཛེས་ནང་སྟོང་དང་མགོ་བདེ་དྲན་འཕྲུལ། གཞི་གྲངས་རྫུན་བཟོ་བཅས་གཏན་ནས་བྱེད་མི་རུང་ལ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཕྲལ་ཕན་འཕྲལ་གཉེར་དང་གྲུབ་འབྲས་ཐོབ་པར་རྔམ་པ། དམངས་དུབ་རྒྱུ་ཟད་བཅས་གཏན་ནས་བྱེད་མི་རུང་། གཉིས་ནས་ལས་སྒྲུབ་ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྙིང་སྟོབས་དང་རང་འགན་ནན་སྒྲུབ། འགན་སྒྲུབ་ཀྱི་ནུས་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། འཐབ་རྩོད་བྱེད་ཕོད་པ། ལས་དོན་ཡང་བའི་རིགས་ལ་དགའ་ཞིང་ལྕི་བའི་རིགས་ལ་སྐྲག་པ། ངན་འབྲས་གཞན་མགོར་འཕེན་པ། ཁྲལ་སེལ་སླ་བཅོས། ཉི་མ་འཁྱོལ་ཐབས་བྱེད་པ་སོགས་ཀྱི་སྒྱིད་ལུག་སྣང་ཚུལ་མཐའ་བག་བཅོས་སྐྱོང་ནན་མོ་བྱས་ཏེ། འགན་འཁུར་ཕོད་པའི་རྣམ་འགྱུར་ལ་སྐུལ་སློང་དང་དེར་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། གསུམ་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་གྲུབ་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཧུར་བརྩོན་དང་རང་འགུལ་ངང་དོན་འཁྱོལ་དམ་འཛིན་བྱེད་པ། མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་པ། དངོས་ཡོད་གནད་དོན་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱེད་པ། དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་པ་བཅས་ལ་འབད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་མཛད།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་རོགས་ཞུས་པ་དང་། བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་དྲུག་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།