ཟླ་བདུན་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏིན་ཞུའེ་ཞང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཏིན་ཞུའེ་ཞང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་བ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་པའི་གནད་འགག་གི་དུས་སྐབས་སུ་སྤེལ་བའི། རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ལ་བརྟག་དཔྱད་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྗོད་དོན་སློབ་གསོ་དང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་བའི་ལས་དོན་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། ཁྲིམས་ལྟར་ཁྱབ་བཤེར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་བཤེར་བྱེད་པ། དམངས་ཀྱི་ཆེད་དུ་ཁྱབ་བཤེར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་དང་ཆུ་ཚད་མཐོ་བའི་སྒོ་ནས་ཁྱབ་བཤེར་གྱི་ལས་འགན་ཚང་མ་ཡོངས་འགྲུབ་བྱེད་དགོས་ཞེས་གསུངས།
ཏིན་ཞུའེ་ཞང་གིས་ས་གནས་དང་སྡེ་ཁག་སོ་སོ་དང་། རིམ་པ་སོ་སོའི་ཁྱབ་བཤེར་སྒྲིག་གཞི་བཅས་ཀྱིས། རྒྱལ་ཡོངས་ཀྱི་གཅིག་གྱུར་མགོ་ཁྲིད་དང་སྡེ་ཁག་གི་ལས་བགོས་མཉམ་ལས། ས་གནས་ཀྱི་རིམ་དབྱེའི་འགན་འཁུར། ཕྱོགས་སོ་སོ་མཉམ་ཞུགས་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དཔུང་སྡེ་ལེགས་འདེམས་དང་ལེགས་སྒྲིག་ལས་དོན། འགྲོ་གྲོན་དང་དངོས་ཟོག་འགན་ལེན་དོན་འཁྱོལ། དྲིལ་སྒྲོག་སྐུལ་སློང་ཡག་པོ་བཅས་བྱས་ཏེ། ཁྱབ་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།