མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྟེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཆེད་དོན་གྲོས་ཚོགས་ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཅིག་འདོམས་སྒོས་ཇུས་འགོད་བྱེད་པ་དང་བསམ་གཞིགས་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་བྱེད་པ། ཆེད་ལས་འཆར་འགོད་འདེགས་སྐྱོར་དུ་བྱེད་པ། འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མཚོ་སྔོན་པོ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མིག་འབྲས་སུ་འགྱུར་བར་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་མཚོ་སྔོན་ནས་བླངས་པའི་གྲུབ་འབྲས་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་པའི་མཚོ་སྔོན་གྱི་ལག་ལེན་གཙོ་བོ་ཡང་ཡིན། ཕྱོགས་སོ་སོའི་འབད་བརྩོན་བརྒྱུད་དེ། མིག་སྔར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྟེ་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་་དང་། སྒྲིག་གཞི་རྐྱེན་སྲོལ་ཐད་ནས་གསར་གཏོད་མངོན་འགྱུར་བྱས་ལ། མཚོ་སྔོན་པོ་སྐོར་བའི་ས་ཆའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། གྲོང་སྡེའི་ཕྱིའི་རྣམ་པ་ཇེ་ལེགས་སུ་སོང་ལ། ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་པ་དང་། ཞིང་བར་འབྲེལ་འདྲིས་དང་ཞིང་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་སྟེང་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཆེན་པོ་ཡིན་ལ། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཡང་ཡིན་པས། ངེས་པར་དུ་བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་སེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་དགོས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་བཟང་བོ་བྱེད་དགོས། སྔོན་དུས་ཀྱི་འདེགས་སྐྱོར་རང་བཞིན་གྱི་ཆེད་དོན་ཞིབ་འཇུག་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་བྱེད་ཡུལ་དང་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་འཆར་འགོད། མཐའ་འཁོར་ལྗོངས་རྒྱུ་ཁུལ་གྱི་མཉམ་འབྲེལ་འཕེལ་རྒྱས་སོགས་གནད་དོན་ལ་དབྱེ་ཞིབ་གསལ་བོ་བྱེད་དགོས། འཆར་འགོད་མ་ལག་གྲུབ་ཚུལ་གྱི་དཔྱད་སྒྲུབ་ཇེ་ཟབ་ཏུ་སྤེལ་བ་དང་། འཆར་འགོད་གཙོ་བོར་ཆེད་དོན་ཞིབ་འཇུག་བྱེད་ཤུགས་ཆེར་གཏོང་བ། རྒྱལ་ཁོངས་བར་སྟོང་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། སྲིད་ཇུས་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ། སྤྱི་ཁོག་གི་འཆར་འགོད་ལ་སྦྲེལ་མཐུད་བྱེད་པ། སྲོལ་མང་གཅིག་བསྡུ་ཡི་འཆར་འགོད་མ་ལག་གྲུབ་པར་བྱས་ནས། ཇུས་འགོད་བཟང་བོ་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་སྒྲིག་གཞི་རྐྱེན་སྲོལ་གྱི་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་དགོས། སྐྱེ་ཁམས་སྲུང་སྐྱོབ་ནམ་ཡང་་གོ་གནས་དང་པོར་བཞག་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྟེ་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཁོངས་སུ་གཏོགས་པར་བྱེད་དགོས། དྲང་ཕྱོགས་ཀྱི་གསལ་ཁྲ་དང་ཟློག་ཕྱོགས་ཀྱི་གསལ་ཁྲ་གཏན་འབེབས་བྱེད་པ་དང་། དངུལ་གཏོང་རྐྱེན་སྲོལ་ལ་ཞིབ་འཇུག་བྱས་ཏེ། གཅིག་གྱུར་ཚད་ལྡན་དང་ཕན་པ་མཐོ་བའི་ཁྲིམས་འཛིན་རྐྱེན་སྲོལ་འཛུགས་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རོང་འབྲོག་དམངས་ཀྱི་མིག་སྔར་དང་ཡུན་རིང་གི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་བ་མང་པའི་དུས་སྐབས་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། བཀོད་འདོམས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྡེ་ཁག་མཉམ་འབྲེལ་ལ་ཤུགས་སྣོན་པ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། ཕྱོགས་སོ་སོའི་བརྩོན་སེམས་ཆེར་སྐྱེད་པ་དང་། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། འཛུགས་སྐྲུན་བྱེད་སྐབས་ཀྱི་ཡུལ་སྐོར་བྱ་བ་ཤུགས་ཡོད་པ་དང་ཕན་པ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྲུན་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་གཞི་བཅོས་བསྒྱུར་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྟེང་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལོའུ་ཀང་། ལིའུ་ཐོ། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།