ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་དངོས་འབེབས་བྱས་ཏེ། མཚོ་སྔོན་གྱི་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཆེད་དོན་སྲིད་གླེང་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་བྱས་ཏེ། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཆེད་དོན་སྙན་ཞུ་ཕུལ་བ་དང་། ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གྱིས་བརྗོད་དོན་སྙན་ཞུ་སྤེལ་བར་མ་ཟད། ཨུ་ཡོན་བདུན་གྱིས་གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་ལས་ནང་དོན་གདམ་གསེས་བྱས་པ་ཆེ་ཕྱོགས་ལ་དམིགས་ཡོད་པས་ལངས་གནས་མཐོ་བ་དང་། རྟོག་དཔྱོད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། གྲོས་མོལ་དང་གྲོས་བསྡུར་བྱས་ནས་ཕན་ནུས་གང་ལེགས་ལྡན་པའི་ཁྱད་ཆོས་གསལ་བོ་མངོན་པར་བྱས་ཡོད་ཅིང་། བློ་འདོན་སྲིད་རོགས་དང་ཐུན་མོང་ལྟ་ཚུལ་གཅིག་བསྡུས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ཟོལ་མེད་ཀྱིས་མགོ་ཁུངས་ནས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་ཁུངས་སྐྱིལ་གསོག སྔར་ལས་མང་བའི་སྐྱེ་ཁམས་ཐོན་རྫས་གསར་གཏོད་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་ནུས་ཡོད་འགན་སྲུང་དུ་བྱས་ཏེ། རྨ་ཆུའི་མཚོ་སྔོན་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་འབྱེད་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་བློ་སེམས་གཅིག་ཏུ་སྒྲིལ་ནས་བླ་སྲོག་བསྐྲུན་དགོས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སློབ་གསོ་བཏང་ནས་ཁྲིད་སྟོན་བྱེད་པ་དེ་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ལས་འགན་གཙོ་བོར་བྱས་ཏེ། རྒྱུན་ཆད་མེད་པར་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས་གྲོས་མོལ་སྲིད་གླེང་བྱ་བ་དམ་འཛིན་བྱེད་དགོས། སྔར་ལས་རང་རྟོགས་ཀྱིས་རྟོག་དཔྱོད་ཞིབ་འཇུག་དེ་རྨང་གཞིའི་ལས་རིམ་དང་ལས་འགན་གཙོ་བོར་བྱས་ནས། ཆུ་ཚད་མཐོ་བའི་རྟོག་དཔྱོད་ཞིབ་འཇུག་གིས་སྤུས་ཚད་མཐོ་བའི་གྲོས་མོལ་སྲིད་གླེང་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་གྲོས་མོལ་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་བསམ་ཚུལ་ཇི་བཞིན་དུ་བརྗོད་པ། ཐུན་མོང་ལྟ་ཚུལ་རྒྱ་ཆེར་གཅིག་སྡུད་བྱེད་པ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དྲིལ་སྒྲོག་གང་ལེགས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ས་ཁོངས་གྲོས་མོལ་མཛའ་འབྲེལ་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཤིང་། བརྩེ་བ་རྣལ་མས་མཐོ་སྒང་གི་སྐྱེ་ཁམས་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གཏམ་རྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏམ་རྒྱུད་བཅས་བརྗོད་དེ། ཞིང་ཆེན་གཞན་པའི་གྲོགས་པོ་ཚོས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་ངོས་འཛིན་དང་མཚོ་སྔོན་ལ་རྒྱུས་ལོན། མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་དུ་འཇུག་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་མཐོང་ཆེན་བྱེད་དགོས། ཧུར་ཐག་སྒོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་ཀྱི་སྤུས་ཚད་མཐོ་བའི་འགན་འཁྲིའི་ལག་བསྟར་ལ་ཞབས་འདེགས་ཞུ་དགོས། རྒྱུན་འཁྱོར་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ནན་ཏན་གྱིས་ཞིང་ཆེན་ཏང་ཡོངས་ཀྱི་སྤྱོད་ཚུལ་འབུར་ཐོན་གནད་དོན་གྱི་ཆེད་དོན་དག་ཐེར་བཅོས་སྐྱོང་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཁྲིན་ཀང་གི་གཏམ་བཤད་རེ་བ་ལག་བསྟར་དངོས་འབེབས་བྱེད་པ་དང་། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ཞིབ་སྲོལ་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་བཅས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཟོལ་མེད་ཀྱིས་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབས་ཏེ། ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ། སྣང་ཚུལ་གསར་བ་བཅས་ཀྱིས་དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་བཟང་བོ་མངོན་པར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་དང་། ཀྲང་ཞའོ་རོང་གཉིས་ཀྱིས་སོ་སོར་གྲོས་ཚོགས་ལ་མགོ་འཛིན་བྱས། རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། མཱ་ཧྥུན་ཧྲིན། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་། དབྱང་ཁི་ཞང་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།