ཀྲའོ་ལི་ཅི་ཡིས་ཧྲན་ཞི་རུ་རྟོག་ཞིབ་གནང་།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བདུན་པའི་ཚེས་བཞི་ཉིན་ནས་ཚེས་བདུན་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧྲན་ཞི་རུ་རྟོག་ཞིབ་གནང་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་དུས་རབས་གསར་པའི་དམངས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་མཁྲེགས་གཏོར་གྱི་ལས་འགན་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཁྲོད་དུ་དམངས་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཀྲའོ་ལི་ཅི་ཡིས་ལོ་ངོ་བདུན་ཅུ་ལྷག་གི་རིང་ལ། ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཡིག་ཡུས་མི་དམངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱུན་སྲིང་ལྷོད་མེད་སྒོས་སྡོང་འཛུགས་ནགས་སྐྲུན་བྱས་ནས་བྱེ་ཐང་སྔོ་ལྗང་ཅན་དུ་བསྒྱུར་ཏེ་མི་ཡུལ་གྱི་ངོ་མཚར་བསྐྲུན་ནས་ཡིག་ཡུས་ཀྱི་སྙིང་སྟོབས་བསྐྲུན་ཡོད། དམངས་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཡིག་ཡུས་མི་དམངས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལས་དོན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱིས་དམངས་ཆེན་གྱི་འཐུས་མིར་འབྲེལ་གཏུག་དང་དམངས་ཆེན་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས།“འབྲེལ་གཏུག་གཉིས”དམ་འཛིན་བྱེད་ཡུལ་དུ་བཟུང་ནས་དམངས་ཆེན་འཐུས་མིའི་ལས་དོན་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འཐུས་མི་དང་འབྲེལ་གཏུག་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁྲོད་ཞུགས་པའི་ཁྱབ་ཚད་དང་ཟབ་ཚད་སྔར་ལས་ཇེ་ཆེར་གཏོང་དགོས། འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ནང་དོན་དང་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འཐུས་མིས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཐུས་མིར་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འཐུས་མིའི་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་སྔར་ལས་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲའོ་ལི་ཅི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་ནས། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་དམངས་ཆེན་ལས་དོན་ལ་རང་རྟོགས་ངང་སྤྱི་འདོམས་དང་མཛུབ་སྟོན་བྱེད་རྒྱུ་དང་།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། དམངས་ཆེན་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། རྒྱལ་ཡོངས་དམངས་ཆེན་དང་ས་གནས་དམངས་ཆེན་བར་གྱི་འབྲེལ་གཏུག་དང་མཉམ་འགུལ་ལ་ཤུགས་སྣོན་པ་དང་། མཉམ་ཤུགས་མཉམ་འདོན་དང་གནད་དོན་གཅིག་ལ་ལན་མཉམ་དུ་འདེབས་པ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་ལས་དོན་སོགས་ཀྱི་ཐད་མཐུན་སྦྱོར་དམ་ཟབ་བཅས་བྱས་ཏེ། དམངས་ཆེན་གྱི་ལམ་ལུགས་མཉམ་དུ་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་ཡོང་བར་བྱས་ནས། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དང་ཕན་ནུས་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། དམངས་ཆེན་གྱི་འགན་ནུས་དང་འགན་འཁྲི་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། དུས་རབས་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱས་ཏེ། གཞུང་དྲང་གསར་གཏོད་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་དོན་དངོས་དང་ཟུང་འབྲེལ་བྱས་ནས། དམངས་ཆེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ཆབ་སྲིད་འཛུགས་སྐྲུན་གྱིས་ཀུན་ལ་སྤྱི་འདོམས་བྱས་ཏེ། དམངས་ཆེན་གྱི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱེད་པ། ཁྲིམས་དང་གོ་རིམ་ལྟར་བྱ་བ་ནན་མོ་སྒྲུབ་པ། དམངས་ཆེན་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།