ཟླ་བདུན་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གི་ཟི་ལིང་ནས་ཀྲུང་གོའི་རྩིས་འཁོར་སློབ་ཚོགས་མཚོ་སྔོན་མཐོ་རིམ་རིག་མཛོད་གླེང་སྟེགས་ཀྱི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོའི་རྩིས་འཁོར་སློབ་ཚོགས་ཀྱི་ལས་འཛིན་དཔོན་པོ་མེ་ཧུང་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོའི་རྩིས་འཁོར་སློབ་ཚོགས་ཀྱི་སྔོན་ཆད་ཀྱི་ལས་འཛིན་དཔོན་པོ་ཝང་ཨིན་ཏུང་སོགས་ལ་ཐུག་འཕྲད་བྱས།
ཁྲིན་ཀང་གིས་མེ་ཧུང་དང་ཝང་ཨིན་ཏུང་ཡོན་ཧྲི་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཆེན་པོ་ཞུས་པ་དང་། རོགས་སྐྱོར་དང་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། དཔལ་འབྱོར་གཞི་གྲངས་ཅན་ནི་འཕེལ་ཕྱོགས་ཡིན་པ་དང་། མཚོ་སྔོན་གྱི་ནམ་ཟླ་འཁྱགས་ཤིང་སྐམ་པ་དང་། ལྗང་གློག་ཕུན་སུམ་ཚོགས་ཤིང་ཁུལ་ཁོངས་ཁོང་རྒྱ་ཡངས་པ་དང་། གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་དམིགས་བསལ་གྱི་དགེ་མཚན་ལྡན། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་པ་དང་། ཤར་གྲངས་ནུབ་རྩིས་དང་ཤར་གྲངས་ནུབ་གསོག་གི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས། སློབ་ཚོགས་དང་ཆེད་མཁས་པ། རིག་གནས་པ་ཚོས་མཚོ་སྔོན་ལ་བློ་འདོན་ཇུས་འབུལ་བྱེད་པ་དང་དཀའ་གནད་ཐག་བཅད་དེ། མཚོ་སྔོན་གྱི་གཞི་གྲངས་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།
མེ་ཧུང་དང་ཝང་ཨིན་ཏུང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲོ་སེམས་ཁོལ་བའི་སྒོ་ནས་སྣེ་ལེན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། སློབ་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོ་གཉིས་ཀྱིས་བཤད་རྒྱུར། ཀྲུང་གོའི་རྩིས་འཁོར་སློབ་ཚོགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་གཞི་གྲངས་ཅན་དུ་ཚུལ་བསྒྱུར་བྱེད་རྒྱུ་རང་འགན་དུ་བརྩིས་པ་དང་། ཚན་རྩལ་ཁྱབ་གདལ་ལ་ཤུགས་སྣོན་པ་བརྒྱུད་དེ་མི་སྔར་ལས་མང་པོ་དེ་ལས་མགྱོགས་པོའི་སྒོ་ནས་གཞི་གྲངས་ཅན་གྱི་དུས་རབས་ཀྱི་འཚོ་གནས་དང་འཚོ་བ། བྱ་བ་དང་འཚམ་པར་བྱེད་དགོས། མཚོ་སྔོན་ལ་གཞི་གྲངས་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐད་ནས་ཁྱད་དུ་འཕགས་པའི་ཞིབ་སྡུར་དགེ་མཚན་ལྡན་པ་དང་། ཀྲུང་གོའི་རྩིས་འཁོར་སློབ་ཚོགས་ཀྱིས་མཚོ་སྔོན་གྱི་དགོས་མཁོར་དམིགས་ནས། རང་ནུས་ཅི་ལྕོགས་བྱེད་པ་དང་རིག་གཞུང་གི་དགེ་མཚན་འདོན་སྤེལ་བྱེད་པ། ཁེ་ལས་ཀྱི་ཐོནུ་ཁུངས་བཀོལ་སྤྱོད་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།
ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲོ་ཐུག་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།