བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་ཆུ་དང་མཚེའུ་དོ་དམ་ཁྲུའུ་ཡིས་བྱེད་ཐབས་སྣ་མང་བརྒྱུད་དེ་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མ་རྩོམ་ཀློག་པ་དང་རྩ་བའི་རིགས་པ་རྟོགས་པར་བྱེད་པར་སྐུལ་འདེད་བཏང་ནས་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་།
བོད་ལྗོངས་ནི་མདོ་དབུས་མཐོ་སྒང་དུ་ཡོད་པ་དང་། དེ་རུ་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་མང་པོ་ཡོད་པས། ཨེ་ཤ་ཡའི་ཆུ་གཏེར་དུ་འབོད་པ་ཡིན། བོད་ལྗོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཟང་བོ་བྱེད་དགོས་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་རྒྱུས་ལོན་ཟབ་མོ་བྱས་ཏེ་སེམས་གཏིང་དུ་སིམ་པར་བྱེད་དགོས་པར་མ་ཟད། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བསླབ་ནས་ལས་ལ་སྐུལ་དགོས།
བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་ཆུ་དང་མཚེའུ་དོ་དམ་ཁྲུའུ་ཡིས་ཆུ་དང་མཚེའུ་སྤུས་ཚད་མཐོ་བའི་སྒོ་ནས་དོ་དམ་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་བྱས་ཏེ་བྱ་བའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་རྟོག་ཞིབ་ཇུས་གཞི་གཏན་འབེབས་བྱས་པ་དང་། ཁུལ་ཁོངས་གཙོ་བོར་ཟབ་ཞུགས་བྱས་ཏེ་ཆུ་ལམ་བཅོས་སྐྱོང་དང་ཆུ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་དོ་དམ་སོགས་བྱ་བར་མངོན་ཞིབ་ལྐོག་བཤེར་བྱས་པར་མ་ཟད། དེའི་ཁྲོད་རྙེད་པའི་གནད་དོན་ཉེར་བདུན་དག་ཐེར་བཅོས་སྐྱོང་བྱས།
བོད་རང་སྐྱོང་ལྗོངས་སུ་ཆུ་བོ་དང་མཚེའུ་མང་བ་དང་མཚོ་འཕགས་མཐོ་བ། ལམ་ཐག་རིང་བ། ལྟ་སྐུལ་དོ་དམ་ཐད་དཀའ་ཁག་ཆེ་བཅས་ཀྱི་གནད་དོན་དངོས་ལ་དམིགས་ཏེ་ཆུ་དང་མཚེའུ་དོ་དམ་ཁྲུའུ་ཡིས་གོང་འོག་མཉམ་སྒུལ་གྱི་ཆུ་དང་མཚེའུའི་ལྟ་སྐུལ་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ་དང་། ཆུ་དཔོན་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་རྒྱུ་དེ་ལས་བྱེད་པའི་དཔྱད་ཞིབ་ལྟ་ཞིབ་ནང་དོན་ཁྲོད་བཞག་སྟེ་ལྗོངས་ཡོངས་ཀྱི་ཆུ་དཔོན་མཚོ་དཔོན་གྱིས་འགན་སྒྲུབ་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། ཆུ་དང་མཚེའུའི་ལྟ་སྐུལ་དོ་དམ་གྱི་དྲ་མིག་ཅན་དང་ཞིབ་ཚགས་ཅན། ལམ་ལུགས་ཅན་བཅས་མངོན་འགྱུར་བྱས།
ཆུ་དང་མཚེའུ་དོ་དམ་ཁྲུའུ་ཡིས་ཡུལ་དང་བསྟུན་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སྡེ་བ་རིམ་པའི་ཆུའི་དོ་དམ་ལས་གནས་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱ་བཙུགས་པའི་རྨང་གཞིའི་སྟེང་དུ། ཆུ་དང་མཚེའུར་སྲུང་སྐྱོབ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མཐའ་འཁོར་མང་ཚོགས་ཀྱིས་རང་གི་ཉེ་འགྲམ་གྱི་དག་གཙང་གི་ཆུ་བོར་སྲུང་སྐྱོབ་ཡག་པོ་བྱེད་པར་སྐུལ་ཁྲིད་བྱས།
གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་བཅོས་བཅས་ཟུང་འབྲེལ་བྱས་ཏེ་ཆུ་དང་མཚེའུའི་དོ་དམ་ཁྲིམས་སྲོལ་འཐུས་ཚང་མིན་པ་སོགས་ཀྱི་ཉམས་ཞན་སར་དམིགས་ནས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་ཆུ་དང་མཚེའུ་དོ་དམ་ཁྲུའུ་ཡིས་བྱ་བའི་རྩིས་ཁྲ་བཙུགས་ཏེ་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཆུ་དང་མཚེའུའི་བདེ་ཐང་དཔྱད་འཇོག་ཕྱོགས་སྟོན་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དྲུག་སྒྲིག་བཟོ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།