བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཕྲེང་འབྲེལ་གཙོ་བོའི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནན་མོ་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2023.07.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཕྲེང་འབྲེལ་གཙོ་བོའི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནན་མོ་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས་བཅུ་ཉིན་པེ་ཅིང་དུ་བསྡུས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།   ཁོང་གིས་བསྟན་དོན།   དམངས་གཙོ་ཏང་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ།   རྟོག་ཞིབ་དང་སྲིད་ཏང་གྲོས་མོལ་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན།   བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཕྲེང་འབྲེལ་གཙོ་བོའི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་།   འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པའི་དགོས་མཁོ་གལ་ཆེན་ཡིན་པར་མ་ཟད།   ནང་མཁོ་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ལས་འགན་གལ་ཆེན་ཡིན་པས།   ཀྲུང་གོ་གུང་ཁྲན་ཏང་གི་ཏང་སྲིད་གྲོས་མོལ་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ།   དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་སྲིད་གྲོས་མོལ་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་།  དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན།   དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན།   དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ།    ཐའེ་ཝན་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་བཅས་ཀྱིས་རྟོག་ཞིབ་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཕྲེང་འབྲེལ་གཙོ་བོའི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་བཀོད་སྒྲིག་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱས་ཤིང་།   དངོས་གཉེར་གནད་འཁེལ་གྱི་སྲིད་ཇུས་གྲོས་གཞི་བཏོན།

ཧྲི་ཐེ་ཧྥིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།   རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ།   བཟོ་ལས་དང་ཆ་འཕྲིན་ཅན་པུའུ།   ནོར་སྲིད་པུའུ།   མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ།   རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ།   རྒྱལ་ཁབ་ལྕགས་ལམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་མཉམ་དུ་གྲོས་མོལ་བརྗེ་རེས་བྱས།  བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་ཉི་ཤུ་པའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།