ཚའེ་ཆི་ཡིས་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2023.07.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

ཟླ་བདུན་པའི་ཚེས་བཅུ་ཉིན།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།   ཧུའུ་ཀྲི་མེང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་།  ཀྲུང་དབྱང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཁྲུན་ཧྲིན་གྱིས་ཁྲིད་པའི་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་བསྟན་དོན།  ན་ནིང་གི་ཟླ་བཅུ་པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཀྱི་མདུན་ལྗོངས་གསར་པར་འཆར་འགོད་བྱས།   ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱས་ཏེ་ཕན་ཚུན་བར་གྱི་མཛའ་མཐུན་ཡིད་ཆེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ།   ཏང་སྐྱོང་རྒྱལ་སྐྱོང་གི་རིག་གཞུང་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ།  ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ།   དམངས་ཁྲོད་ཀྱི་མཛའ་མཐུན་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ།   རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

རོན་ཁྲུན་ཧྲིན་གྱིས་བསྟན་དོན།   ཡོ་ནན་ཕྱོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་འགོ་ཁྲིད་དེ་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་འཛམ་གླིང་གི་གྲོས་གཞི་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་ཡིན་ལ།   ཏང་བར་གྱི་འབྲེལ་བ་བརྒྱུད་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།

                                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།