ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་བཞིན་པའི་སོ་ལོ་མིན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལོས་ལ་མཇལ་འཕྲད་གནང་།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་བཞིན་པའི་སོ་ལོ་མིན་གླིང་ཚོམ་ཙུང་ལི་སོ་ཅཱ་ཝ་ལོས་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་བཞིན་པའི་སོ་ལོ་མིན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལོས་ལ་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་དང་སོ་ལོ་མིན་གླིང་ཚོམ་གྱིས་དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སོ་ལོ་མིན་གླིང་ཚོམ་ནི་ཕན་ཚུན་ཡིད་རྟོན་བྱེད་པའི་གྲོགས་པོ་བཟང་བོ་དང་བློ་གཏོད་རུང་བའི་སྤུན་ཟླ་བཟང་བོ་ཡིན། འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མཉམ་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་བར་གྱི་མཐུན་སྒྲིལ་མཉམ་ལས་དང་ལག་རྡང་སྦྲེལ་བའི་འཕེལ་རྒྱས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད། དོན་དངོས་ལས་ཀྲུང་གོ་དང་སོ་ལོ་མིན་གླིང་ཚོམ་གྱི་འབྲེལ་བ་དེ་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་ཞིང་། རྒྱལ་སྤྱིའི་གནས་བབ་ཆེན་མོར་འཚམ་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་འཚམ་པས་ཡང་དག་པའི་གདམ་གསེས་ཤིག་ཡིན་པ་ར་སྤྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་བར་གྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ལེགས་སུ་སོང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་གང་ལེགས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། སོ་ལོ་མིན་ཕྱོགས་ཀྱིས་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ་དང་། རང་བདག་གིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེའི་འཛུགས་སྐྲུན་མཁན་དང་འཛམ་གླིང་འཕེལ་རྒྱས་ཡོངས་ཀྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་མཁན་བཅས་བྱས་ཏེ། སོ་ལོ་མིན་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བྱུང་བའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་སོ་ལོ་མིན་གླིང་ཚོམ་གྱི་ཉིས་སྟོང་སོ་ལྔ་ལོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་སོ་ལོ་མིན་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་དེ། སོ་ལོ་མིན་ཕྱོགས་ཀྱིས་འཕེལ་རྒྱས་ལས་སྤེལ་དང་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་དག་སོ་ལོ་མིན་དུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་། མུ་མཐུད་དུ་སོ་ལོ་མིན་ཕྱོགས་ལ་ཆབ་སྲིད་ཀྱི་ཆ་རྐྱེན་ཁ་སྣོན་བྱེད་པའི་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཛའ་མཐུན་བརྗེ་རེས་རྒྱ་བསྐྱེད་དགོས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་གྱིས་སྐབས་བཅུ་བདུན་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ལུས་རྩལ་འགྲན་ཚོགས་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཇུས་ལས་བརྩི་འཇོག་གང་ལེགས་བྱེད་པ་བཞི་རྒྱུན་འཁྱོངས་བྱས་ཡོད་དེ། གཅིག་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས་ལ་བརྩི་འཇོག་གང་ལེགས་བྱས་ནས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་རེ་འདུན་ལ་བརྩི་འཇོག་གང་ལེགས་བྱས་ཏེ་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད། མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་མི་རིགས་རིག་གནས་སྲོལ་རྒྱུན་ལ་བརྩི་འཇོག་གང་ལེགས་བྱས་ནས། མཐུན་ཡང་ཁྱད་པར་ཡོད་པ་དང་དགའ་སྐྱིད་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྟོབས་སྤེལ་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། གླིང་ཕྲན་རྒྱལ་ཁབ་ཀྱིས་མཐིང་མདོག་གི་ཞི་བདེ་རྒྱ་མཚོའི་ཉིས་སྟོང་ལྔ་བཅུ་ལོའི་འཐབ་ཇུས་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཞི་བདེ་དང་འཆམ་མཐུན། བདེ་འཇགས། བཟོད་སྒོམ། དར་རྒྱས་བཅས་ཀྱི་མཐིང་མདོག་གི་ཞི་བདེ་རྒྱ་མཚོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།
ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཞི་བདེ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཇམ་འཐབ་བསམ་བློ་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
སོ་ཅཱ་ཝ་ལོས་ཀྱིས་བསྟན་དོན། ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ནི་སོ་ལོ་མིན་གྱི་ཡང་དག་པའི་གདམ་གསེས་ཤིག་རེད། འབྲེལ་བ་བཙུགས་པའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ཀྲུང་གོ་སོ་ལོ་མིན་གླིང་ཚོམ་གྱི་ཆེས་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་མཉམ་ལས་གྲོགས་པོ་དང་བློ་གཏད་ཆོག་པའི་འཕེལ་རྒྱས་གྲོགས་པོར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་ལས་ཕུལ་དུ་བྱུང་བའི་མིག་རྒྱང་དང་སྤྱིར་བཏང་མ་ཡིན་པའི་མགོ་ཁྲིད་ནུས་པ་མངོན་པར་བྱས་ཡོད་ལ། སོ་ལོ་མིན་ཕྱོགས་ཀྱིས་དོན་དེར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། སོ་ལོ་མིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱས་ཏེ། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། མི་གཞུང་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སོ་ལོ་མིན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།