ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སོ་ལོ་མིན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལོས་དང་གྲོས་མོལ་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སོ་ལོ་མིན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལོས་དང་གྲོས་མོལ་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་སོ་ལོ་མིན་གླིང་ཚོམ་བར་འབྲེལ་བ་བཙུགས་ནས་ལོ་བཞི་ཙམ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀ་ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་དང་ཕན་ཚུན་རྒྱབ་བརྟེན་གྱི་སྤུན་ཟླ་བཟང་བོར་གྱུར། དེས་ཀྲུང་གོ་དང་སོ་ལོ་མིན་གླིང་ཚོམ་བར་འབྲེལ་བ་བཙུགས་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་ཡང་དག་གི་གདམ་གསེས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཐག་བཅད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་འགྲེང་ནས་ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་གླིང་ཚོམ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་གྱི་ཐུན་མོང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མཐོ་རིམ་བར་གྱི་གྲོས་མོལ་བརྗེ་རེས་རྒྱ་བསྐྱེད་པ། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་གླིང་ཚོམ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་སྔར་ལས་སྦྲེལ་མཐུད་བྱེད་པ། ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས་གཏེར་ཐོན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ་མཚོན་རྟགས་རང་བཞིན་གྱི་མཉམ་ལས་ལས་གཞི་མང་པོ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་གླིང་ཚོམ་ཕྱོགས་ཀྱིས་དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བསྡུ་བར་རྒྱབ་སྐྱོར་བྱེད་པར་མ་ཟད། སོ་ལོ་མིན་གླིང་ཚོམ་ཕྱོགས་དང་མཉམ་དུ་རིག་སློབ་དང་འཕྲོད་བསྟེན། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་གནད་དོན་སྟེང་གི་དམིགས་བསལ་གནས་བབ་དང་དོ་ཁུར་གལ་ཆེན་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། སོ་ལོ་མིན་གླིང་ཚོམ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ་གླིང་ཕྲན་རྒྱལ་ཁབ་ཀྱི་རང་བདག་འཕེལ་རྒྱས་དང་ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་གླིང་ཚོམ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་སྒྲིག་གཞིའི་འོག་གི་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ། ཞི་བདེ་རྒྱ་མཚོ་ཆེན་མོའི་ཉིང་རྡུལ་མཚོན་ཆ་མེད་པའི་ཁུལ་ཁོངས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ས་ཁུལ་གྱི་བརྟན་འཇགས་དང་འཕེལ་རྒྱས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
སོ་ཅཱ་ཝ་ལོས་ཀྱིས་བསྟན་དོན། སོ་ལོ་མིན་གླིང་ཚོམ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སོ་ལོ་མིན་གླིང་ཚོམས་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡུན་རིང་འཕེལ་རྒྱས་བྱུང་། སོ་ལོ་མིན་གླིང་ཚོམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་གླིང་ཚོམ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ས་གནས་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཐད་བཏོན་པའི་བྱེད་ནུས་གལ་ཆེན་ལ་བསྟོད་བསྔགས་བྱེད་པ་ཡིན། སོ་ལོ་མིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་། མི་གཞུང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།
གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་འཕེལ་རྒྱས་མཉམ་ལས་དང་ཉོ་ཚོང་། དམངས་སྤྱོད་མཁའ་འགྲུལ། གནམ་གཤིས་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།
གྲོས་མོལ་གྱི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་སོ་ཅཱ་ཝ་ལོས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།
ཉིན་དེའི་ཕྱི་དྲོར། སོ་ཅཱ་ཝ་ལོས་ཀྱིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
ལྷ་མོ་ཚེ་རིང་གིས་བསྒྱུར།