ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མཉམ་སྤྱོད་འགུལ་སྐྱོད་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མཉམ་སྤྱོད་འགུལ་སྐྱོད་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོའི་སྟེང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་དུ། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་སྒོས་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་དཀའ་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་ཐད་ནས་འགྲན་རྩོད་ལ་ཐུག་ཡོད། མཉམ་ལས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། ངས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོས་གཞི་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་མྱུར་དུ་དངོས་འབེབས་བྱེད་པ་དང་། ངས་ཕྱོགས་སོ་སོས་མཉམ་དུ་འབད་འཐབ་བྱས་པའི་འོག འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་མཉམ་ལས་ཐད་ནས་སྔོན་དུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་མང་པོ་ལ་ཕན་བཏགས་པ་མཐོང་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཡུན་རིང་གི་བརྗོད་སྙིང་ཡིན། འཕེལ་རྒྱས་མཉམ་སྤྱོད་བྱེད་རྒྱུ་ནི་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ལམ་བུ་གལ་ཆེན་ཡིན། ཆེས་ཆེ་བའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་སྟེང་གི་འཕེལ་རྒྱས་དེ་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་གནས་ཚད་ཁྲོད་བཞག་པ་དང་། རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ཐད་གོ་སྐབས་གསར་པ་བསྐྲུན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མཉམ་ལས་ཐད་ཀྱི་ཐོན་ཁུངས་དངུལ་གཏོང་སྔར་ལས་ཇེ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ། དུས་བཀག་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

རིན་ཆེན་མཚོས་བསྒྱུར།