ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་བླག་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བརྟན་འཇགས་ངང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དུས་རབས་མཛའ་བརྩེ་ལྡན་པའི་སྤྱི་ཚོགས་རྨང་གཞི་དང་དམངས་ཀྱི་འདོད་བློའི་རྨང་གཞི་སྔར་ལས་སྲ་བརྟན་ཡིན། ད་ལོའི་ཟླ་གསུམ་པར། ངས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱས་ནས། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ནི་རྒྱལ་ཁབ་གཉིས་ཀྱིས་རང་རང་གི་རྒྱལ་ཁབ་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་རྨང་གཞིར་བྱས་ཏེ་བཏོན་པའི་འཐབ་ཇུས་གདམ་གསེས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་རོགས་རེས་འབྲེལ་བ་དང་། འབྲེལ་འདྲིས་ཟབ་མོ། གསར་གཏོད་གསར་འབྱེད། ཀུན་ཕན་མཉམ་རྒྱལ་བཅས་ཀྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་རོགས་འདེགས་དང་དར་རྒྱས་གཏན་འཇགས་དང་འདྲ་མཉམ་དྲང་བདེན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ང་དང་ཙུང་ཐུང་ཕུའུ་ཅིན་གྱིས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཁྲིམས་འཛུགས་རིམ་པ་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འགན་སྲུང་བྱེད་པ་དང་། ཁྲིམས་འཛུགས་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ད་རུང་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་བོའི་རྐྱེན་སྲོལ་ནང་གི་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ཏེ། གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
མཱ་ཐི་ཝེ་ཡན་ཁི་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་དང་འཚམ་པ་དང་། ལོ་རྒྱུས་ཀྱི་ཆེས་མཐོའི་ཆུ་ཚད་དུ་སླེབས་ནས་མུ་མཐུད་དུ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་གསུམ་པར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་མཛད་དེ་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།