《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་རགས་བཤད》ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉེ་ལམ། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྩོམ་སྒྲིག་བྱས་པའི། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་རགས་བཤད》ཅེས་པའི་དཔེ་དེབ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་འཐབ་ཇུས་དམིགས་འབེན་གསལ་པོ་བཏོན་ནས། དྲ་རྒྱའི་ཆ་འཕྲིན་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། རང་རེའི་ཏང་གིས་དྲ་རྒྱ་དོ་དམ་དང་དྲ་རྒྱ་བཅོས་སྐྱོང་བྱེད་པའི་ལག་ལེན་ཉམས་མྱོང་དང་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཡིན་ལ། དྲ་འཕྲིན་ལས་དོན་འཕེལ་རྒྱས་ཀྱི་བྱ་སྤྱོད་ཕྱོགས་སྟོན་ཞིག་ཀྱང་ཡིན། རགས་བཤད་འདི་ཁྱོན་བསྡོམས་ཆེད་དོན་བཅུ་ལ་དབྱེ་ཡོད་ཅིང་། དེབ་འདི་ནི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བསམ་བློའི་མཚོན་ཆ་ཞིག་དང་། ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག རང་རྒྱལ་འདི་ཉིད་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་པ། ཏང་གིས་དྲ་རྒྱའི་ཆ་འཕྲིན་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་འདིའི་དོན་སྙིང་དང་བསམ་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བརྒྱབ་ཡོད།

དཔེ་དེབ་འདི་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་དང་གཏིང་ཟབ་པ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དྲ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་ཞིག་མགྱོགས་མྱུར་ངང་བསྐྲུན་ཆེད་འབད་འཐབ་གང་ལེགས་བྱེད་རྒྱུར་ཕན་ཐོགས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།