ཧན་ཀྲིན་གྱིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་མཉམ་སྤྱོད་འགུལ་སྐྱོད་གླེང་སྟེགས་སྐབས་དང་པོའི་མཐོ་རིམ་ཚོགས་འདུར་ཞུགས་པའི་ཕྱི་ཕྱོགས་ཀྱི་འཐུས་མིར་མཉམ་དུ་མཇལ་འཕྲད་གནང་།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་མཉམ་སྤྱོད་འགུལ་སྐྱོད་གླེང་སྟེགས་སྐབས་དང་པོའི་མཐོ་རིམ་ཚོགས་འདུར་ཞུགས་པའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་སོ་སོའི་འཐུས་མིར་མཉམ་དུ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་འཐུས་མི་ཚོ་ཚོགས་འདུར་འབད་པས་ཞུགས་ནས་ཚོགས་འདུར་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བར་བསྟོད་བསྔགས་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ནས། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་ཕུལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ཤིང་སྡོང་གཅིག་གིས་ནགས་ཚལ་གྲུབ་མི་ཐུབ་པ་ནང་བཞིན། ཚང་མ་མཉམ་དུ་འཕེལ་རྒྱས་སུ་ཕྱིན་ན་ད་གཟོད་འཕེལ་རྒྱས་ངོ་མ་བྱུང་བ་ཡིན། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་ལས་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་ངང་དོན་འཁྱོལ་ཡོང་བར་རོགས་རམ་བྱེད་པ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་གང་ལེགས་བྱས་ནས། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། མཐུན་སྦྱོར་དཀྱེལ་ཡངས་དང་རྒྱུན་མཐུད་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།