ཀྲའོ་ལི་ཅི་ཡིས་སོ་ལོ་མིན་གླིང་ཚོམ་གྱི་ཙུང་ལིར་མཇལ་འཕྲད་གནང་།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། སོ་ལོ་མིན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལོས་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་སོ་ལོ་མིན་གླིང་ཚོམ་བར་དུ་ཉིས་སྟོང་བཅུ་དགུ་ལོར་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས་དགེ་མཚན་ལྡན་པའི་རྣམ་པ་ཐོན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སོ་ལོ་མིན་རྒྱལ་དམངས་གྲོས་ཚོགས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ། ཁྲིམས་འཛུགས་སྒྲིག་གཞིའི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་སོ་ལོ་མིན་གྱི་དུས་རབས་གསར་པའི་ནང་གི་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་ངོ་སྤྲོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྟེར་ངེས་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མིན་ཕྱོགས་བར་གྱི་འཐབ་ཇུས་སྦྲེལ་མཐུད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

སོ་ཅཱ་ཝ་ལོས་ཀྱིས་འཛམ་གླིང་སྟེང་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཡིན། སོ་ལོ་མིན་གླིང་ཚོམ་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཏེན་ཀྲུང་ལིས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།