ལིས་ཆང་གིས་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ལ་མཇལ་འཕྲད་གནང་།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ཆན་ཁྲོན་ཡ་ཟིར་མཇལ་འཕྲད་གནང་།

ལིས་ཆང་གིས་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕྱོགས་མང་གསར་སྤེལ་སྒྲིག་གཞི་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་ཚུད་པའི་ཕྱོགས་སོ་སོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱུན་མཐུད་སླར་གསོ་དང་དར་རྒྱས་བརྟན་ལྷིང་གི་ཆེད་དུ་མཉམ་དུ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་གང་མང་སྣོན་འདོད་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བཞིན་ཡོད་ཅིང་། མ་འོངས་པར་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་བར་དུ་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན། ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ལ་མུ་མཐུད་དུ་རྒྱབ་སྐྱོར་དང་དེའི་ནང་འབད་པས་ཞུགས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། མཉམ་ལས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གིས་གནམ་གཤིས་ཕྱོགས་ཀྱི་མ་དངུལ་སྔར་ལས་སྐུལ་སློང་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཆན་ཁྲོན་ཡ་ཟི་ཡིས་ཨེ་ཤ་ཡ་དངུལ་ཁང་དང་ཀྲུང་གོའི་བར་དུ་མཉམ་ལས་རོགས་རེས་འབྲེལ་བ་དམ་ཟབ་བཙུགས་ཡོད། ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཤེས་བྱ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ས་ཁུལ་དང་རྒྱལ་ཁབ་སོ་སོསཀྲུང་གོའི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།