ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2023.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཚོགས་ཐོག་ནས་རིམ་པ་བཞིན་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་དང་། གྲོང་གསེབ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི། ནུས་ཁུངས་དང་འཛད་གྲོན་གཉིས་ཀར་ཚོད་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐཱན་འབུད་གཏོང་ཕྱོགས་གཉིས་ཀར་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་བསམ་འཆར། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་སྐོར་གྱི་བསམ་འཆར། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཁྲོམ་རའི་མ་ལག་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་ཀྱི་འགན་ལེན་ནུས་པ་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར། གློག་ཤུགས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་ངང་བསྐྲུན་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་སྐབས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུ་ནི། ང་ཚོས་རང་འགུལ་ངང་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས། ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། ལམ་ལུགས་རྣམ་པར་བརྟེན་ནས་སྒོ་འབྱེད་གཙོ་གནད་དུ་འཛིན་པ། དངུལ་གཏོང་དང་ཉོ་ཚོང་། དངུལ་རྩ། གསར་གཏོད་སོགས་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་སྒྲིག་གཞི་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། མ་ལག་ཚང་བའི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ནས། ཞིང་པ་དང་ས་ཆའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཞན་ཆ་གང་མགྱོགས་ངང་གསབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཉུང་གཏོང་གཙོ་གནད་འཐབ་ཇུས་ཀྱི་ཁ་ཕྱོགས་སུ་བྱེད་པའི་གནད་འགག་གི་དུས་སྐབས་སུ་སླེབས་པར་རྐང་བཙུགས་ཏེ། ནུས་ཁུངས་འཛད་གྲོན་གྱི་སྤྱི་འབོར་དང་དྲག་ཞན་སྙོམས་སྒྲིག་འཐུས་ཚང་དུ་བཏང་སྟེ། ཐཱན་འབུད་ཚད་ཀྱི་སྤྱི་འབོར་དང་དྲག་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་གྱིས་སྒྱུར་དགོས། མཐོ་རིམ་སློབ་ཆེན་གྱི་དགེ་རྒན་དང་ཚན་རིག་ཞིབ་འཇུག་མི་སྣའི་ཟླ་ཕོགས་བགོ་བཤའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་སློབ་གསོ་དང་ཚན་རྩལ། འཇོན་མིའི་ལས་དོན་བཅས་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། གསར་གཏོད་ཀྱི་གསོན་ཤུགས་དང་ཤེས་བྱའི་རིན་ཐང་གི་ཁྲིད་སྟོན། དོ་དམ་ཚད་ལྡན། འགན་ལེན་སྐུལ་གཏོང་བཅས་ཀྱི་ཟླ་ཕོགས་ལམ་ལུགས་རིམ་བཞིན་བཙུགས་ཏེ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་དགོས། རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་བའི་དམིགས་འབེན་ལ་དམིགས་པ་དང་། སྣུམ་རླངས་སྒྲིག་གཞིའི་ཐད་གནས་པའི་གནད་དོན་མངོན་གསལ་ཅན་ལ་དམིགས་པ། སྣུམ་རླངས་ལས་རིགས་ཀྱི་གོང་འོག་བར་གསུམ་གྱི་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་ལ་བརྟན་པོའི་ངང་སྐུལ་འདེད་གང་ལེགས་གཏོང་བ་བཅས་བྱས་ནས། བརྟན་ལ་བློ་གཏད་ཆོག་པའི་མཁོ་སྤྲོད་འགན་ལེན་བྱེད་དགོས། གློག་ཤུགས་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་འདང་ངེས་ཡིན་པ། དཔལ་འབྱོར་ཕན་འབྲས་ཆེ་བ། མཁོ་སྤྲོད་མཐུན་སྦྱོར་ཡིན་པ། རིག་ནུས་སྐྱེན་པོ་ཡིན་པ་བཅས་ཀྱི་གློག་ཤུགས་མ་ལག་གསར་པ་གང་མགྱོགས་ཀྱིས་བཙུགས་ཏེ། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་ལ་སྐུལ་འདེད་སྔར་ལས་གང་ལེགས་བཏང་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་འདི་ཉིད་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་འཕྲད་ཡོད། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པའི་རྩེ་རིམ་ཇུས་འགོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཉོ་ཚོང་དངུལ་གཏོང་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཚོང་རར་ཞུགས་ཚད་སྔར་ལས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་བརྟེན་ནས་འཛམ་གླིང་ཧྲིལ་པོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་འགུག་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཚད་མཐའི་བསམ་གཞིགས་དང་ཆེས་མཐོའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱས་ནས། སྒོ་འབྱེད་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གང་ལེགས་སྒོས་གཏོང་དགོས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུ་དེ་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གི་གྲོང་གསེབ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར། ཅིས་ཀྱང་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་མཁྲེགས་གཏོར་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་དངོས་ཀྱི་ཁྲོད་རྒྱ་ཆེའི་ཞིང་པའི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ས་ཁུལ་མི་འདྲ་བས་ཡུལ་བབ་དང་བསྟུན་པ་དང་འཚོལ་ཞིབ་བྱེད་ཆོག་པ་དང་དེར་སྐུལ་ལྕག་བྱེད་པ་དང་། གཞི་རིམ་གྱི་ལག་ལེན་གསར་སྐྲུན་རྙེད་མཁས་དང་དེར་ཕྱོགས་བསྡོམས་བྱེད་པ། འཚོལ་ཞིབ་དང་གསར་གཏོད་ཁྲོད་ཀྱི་དཀའ་ངལ་སེལ་བར་དུས་ཐོག་ཏུ་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།