ཝུའུ་ཞའོ་ཅུན་གྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་བརྒྱུད་དེ་ཞོད་འགོག་བྱ་བར་ཞིབ་བཤེར་བྱས།
2023.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་བརྒྱུད་དེ་ཞིང་ཆེན་འཕྲལ་བསྟུན་དོ་དམ་པུའུ་རུ་སོང་ནས་ལས་རེས་ལས་སྲུང་གནས་ཚུལ་ལ་གློ་བུར་དུ་ཞིབ་བཤེར་བྱས།    ཁོས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་།    མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ།   ཚད་མཐའི་བསམ་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས།   མ་ལག་གི་འདུ་ཤེས་བཅས་རྒྱུན་འཁྱོངས་བྱེད་པ།    གྲོས་མོལ་ཞིབ་གཅོད་ལ་ཤུགས་སྣོན་པ།   ལྟ་ཞིབ་སྔོན་བརྡའི་བྱ་བ་བཟང་བོར་བསྒྲུབ་པ།   འགན་འཁྲི་ཕྱོགས་ཡོངས་ནས་ཇེ་དམ་དུ་གཏོང་བ།   འཕྲལ་བསྟུན་ལས་རེས་ཇེ་དྲག་ཏུ་གཏོང་བ།   ས་སྲུང་འགན་ཡོད་དང་ས་སྲུང་འགན་ཁུར།   ས་སྲུང་འགན་སྒྲུབ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ཞིབ་བཤེར་བྱེད་སྐབས།   ཝུའུ་ཞའོ་ཅུན་གྱིས་ཆར་གྱི་གནས་ཚུལ་དང་ཆུའི་གནས་ཚུལ།  གནམ་གཤིས་སྔོན་བརྡའི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས་པ་དང་།   ལས་རེས་འགན་སྲུང་གནས་ཚུལ་འདྲི་ཞིབ་བྱས།   ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ཀྱི་བརྙན་རིས་བཀོད་གཏོང་མ་ལག་བརྒྱུད་དེ།   ཉིན་དེའི་དྲག་ཆར་འབབ་པའི་ས་ཁུལ་གྱི་ཁུལ་དང་རྫོང་གཙོ་བོའི་ལས་རེས་དང་སྔོན་འགོག་ཁ་གཏད་བྱ་བར་བཀོད་གཏོང་དང་འཐེན་བཤེར་བྱས་པ་དང་།    ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཉེ་དུས་ཀྱི་གནམ་གཤིས་གནས་ཚུལ་དང་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་ཆུ་བེད་ཐིན།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་གནམ་གཤིས་ངན་པར་ཁ་གཏད་འཇལ་བའི་བདེ་འཇགས་སྔོན་འགོག་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད།   མིག་སྔའི་ཆར་འབབ་པ་དང་ཆུ་མཛོད་འཁོར་སྐྱོད་སོགས་གནས་ཚུལ་ལ་རྒྱུན་ལོན་ཞིབ་མོ་བྱས་རྗེས་ཡུལ་དངོས་གྲོས་ཚོགས་བསྡུས་ཏེ་ཞོད་འགོག་བྱ་བར་བཀོད་གཏོང་དང་བཀོད་སྒྲིག་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།  མིག་སྔར་ཞོད་འགོག་བྱ་བའི་གནད་འགག་གི་དུས་སྐབས་སུ་འཁེལ་ཡོད་པ་དང་།   ཆར་འབབ་ཐེངས་མང་པ་དང་ཆར་བ་འབབ་ཁུལ་གྱི་ཤུགས་རྐྱེན་བསྣོལ་མར་འདྲེས་ཏེ་ས་ཁུལ་ཁ་ཤས་ལ་གནོད་འཚེ་འབྱུང་ཚད་ཅུང་ཆེ་བ་དང་།  ཆུ་ལོག་གི་ས་གཤིས་གནོད་འཚེའི་གནས་བབ་ཛ་དྲག་ཡིན་པས།  མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་མྱུར་དུ་བཀོད་གཏོང་བྱས་ཏེ་ལས་རེས་ལས་སྲུང་དང་ཉེན་བརྡ་གཏོང་མཁན་ཡོད་པ།  གནས་སྤོར་བདེ་འགོད།   འཕྲིན་གཏོང་འགན་སྲུང་།    ཞོད་འགོག་དྲིལ་སྒྲོག་སོགས་དོན་འཁྱོལ་ནན་མོ་བྱེད་དགོས།   ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ་དང་མྱུར་དུ་ཉེན་བརྡ་གཏོང་དགོས་ཏེ་ཞོད་དུས་ཀྱི་ཆར་འབབ་པའི་གནས་ཚུལ་དང་ཆུའི་གནས་ཚུལ།  གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱེད་པ་དང་།   ཆ་འཕྲིན་སྤྱི་སྡོམ་དང་དབྱེ་ཞིབ་བརྡར་གཅོད་བྱ་བ་བཟང་བོར་བསྒྲུབ་པ།  སྔོན་བརྡའི་གནད་འཁེལ་ཚད་མཐོར་འདེགས་གཏོང་བ་སོགས་བྱས་ཏེ་གནམ་གཤིས་གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་ཁྱབ་སྒྲོག་དང་བརྒྱུད་གཏོང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

ཕྱོགས་ཡོངས་ནས་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་དགོས་ཏེ།   སྡེ་ཁག་གི་རང་བཤེརདང་ལས་རིགས་ཀྱི་ཞིབ་བཤེར།  གནོད་འགོག་བཀོད་འདོམས་ལྟ་ཞིབ་བཅས་རིམ་པ་གསུམ་ལ་གཞིགས་ནས་ཆུ་བོ་ཆུང་འབྲིང་དང་མཚེའུ།  ཆུ་རགས་སོ་སོ།  ཆུ་མཛོད་དང་ཆུ་གློག་ས་ཚིགས།   ལྗོངས་རྒྱུ་ཁུལ།   གཏེར་རིའི་ཁེ་ལས།   དབྱར་དུས་ཀྱི་ཕྱུགས་ར།   ཆུ་འགྲམ་གྱི་གྲོང་སྡེ།  ཆུ་ལོག་དང་ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དང་གྲོང་ཁྱེར་ནང་ཁུལ་གྱི་ཆུ་འཁྱིལ་སླ་བའི་གནས་སོགས་ལ་དམ་པོར་དམིགས་ཏེ་ཞོད་འགོག་གྲ་སྒྲིག་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་ནན་མོ་བྱས་ནས་གནོད་འཚེ་སྔོན་འགོག་བྱ་བ་བཟང་བོར་བསྒྲུབ་དགོས།   ཡུལ་དངོས་བཀོད་འདོམས་དང་འགོ་ཁྲིད་ལ་ཤུགས་བསྣན་ནས་བློ་བརྟན་འགྱུར་མེད་ངང་གཙོ་གཞིའི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་།   ཞོད་འགོག་འགན་འཁྲིའི་སྦྲེལ་ཐག་ལ་དམ་པོར་དམིགས་པ།    བྱ་བའི་བཀོད་སྒྲིག་དང་བཀོད་གཏོང་མཛུབ་སྟོན།   བྱེད་ཐབས་དོན་འཁྱོལ།   རྗེས་འདེད་ལྟ་སྐུལ།  གནོད་འགོག་གནོད་སྐྱོབ་སོགས་འགན་འཁྲི་ཇེ་ཞིབ་བཏང་སྟེ་དོན་འཁྱོལ་ནན་མོ་བྱེད་པ།  མཉམ་འཛིན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ་བཅས་བྱས་ནས་གནས་འཚེའི་དབང་གིས་ཤི་རྨས་ཐེབས་པ་དང་གྱོད་གུད་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས།   ལྷག་པར་དུ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་འགྲན་སྡུར་གལ་ཆེན་དང་བྱ་འགུལ་གྱི་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་དོན་རྐྱེན་གཅིག་ཀྱང་མི་འབྱུང་བར་བྱེད་དགོས།

ཝང་ལིན་ཧུའུ་དང་ཚེ་རིང་ཐར་གཉིས་བཀོད་གཏོང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས།

                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།