སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་གསུམ་པ་སྐོར་ཞིབ་ལས་ཁུངས་སུ་བཅའ་སྡོད་བྱས་ནས་བྱ་བ་སྤེལ།
2023.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བདུན་པའི་ཚེས་གསུམ་ཉིན་ནས་ཚེས་བརྒྱད་ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དང་པོ་ནས་ལྔ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་སྲུང་བྱེད་པའི་ཆེད་དོན་སྐོར་ཞིབ་ཚན་ཆུང་བཅས་ཀྱིས་སྔ་གཞུག་ཏུ་ཡུས་ཧྲུའུ་ཁུལ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་དེའི་ཁོངས་གཏོགས་རྫོང་དྲུག ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་སྨན་ཁང་། ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་སོགས་གཞུང་བཙུགས་སྨན་ཁང་བཅུ་གཅིག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་བཅས་སུ་མངགས་སྡོད་སྐོར་ཞིབ་བྱས་པར་མ་ཟད་ལས་ཁུངས་དེ་དག་ཏུ་བཅའ་སྡོད་བྱས་ནས་བྱ་བ་སྤེལ། སྐོར་ཞིབ་བྱེད་ཡུལ་གྱི་ས་ཁུལ་དང་སྡེ་ཁག་གིས་སོ་སོར་སྐོར་ཞིབ་བཅའ་སྡོད་སྐུལ་སློང་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ། སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་སྐུལ་སློང་གཏམ་བཤད་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ལ། ཁ་བྱང་གཅིག་ལ་མཉམ་དུ་ལན་བཏབ་ནས་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་བྱ་བའི་ཐད་ནས་རེ་བ་བཏོན།

སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་ནན་གྱིས་བསྟན་དོན། སྐོར་ཞིབ་ནི་ཆབ་སྲིད་ཀྱི་སྐོར་ཞིབ་དང་། ཕྱོགས་ཡོངས་ཀྱི་ཆབ་སྲིད་ཀྱི་བརྟག་དཔྱད་ཅིག་ཡིན། ཡུས་ཧྲུའུ་ཁུལ་དང་དེའི་ཁོངས་གཏོགས་ཀྱི་རྫོང་དང་གྲོང་ཁྱེར་ལ་རྒྱུན་སྲོལ་གྱི་སྐོར་ཞིབ་སྤེལ་ན། ལག་བསྟར་བཞིའི་རེ་བ་གཙིགས་སུ་འཛིན་པ་དང་། ཁུལ་རྫོང་གོམ་མཉམ་དང་གཞི་གཅིག་ཞིབ་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྐོར་ཞིབ་བྱེད་སའི་ས་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། རིམ་པ་ཟབ་མོ་དང་མ་ལག་རང་བཞིན། འབུར་ཐོན་རང་བཞིན་གྱི་གནད་དོན་འཚོལ་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གནོན་ཤུགས་བརྒྱུད་སྤྲོད་བྱེད་པར་ཤུགས་སྣོན་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་རང་རྟོགས་སྒོས་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ཏུ་མཉམ་འབྲེལ་སྐོར་ཞིབ་ལྟ་ཞིབ་སྤེལ་ན། མང་ཚོགས་ཀྱི་རེ་ཞུ་བྱེད་ཚད་མཐོ་བའི་གནད་དོན་གཙིགས་སུ་འཛིན་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་གནོད་པ་བྱེད་པའི་འགལ་རྩོད་གཙོ་བོ་དང་འབུར་ཐོན་གནད་དོན་འཚོལ་བཤེར་ཟབ་མོ་བྱེད་པ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་དེ་སྨན་བཅོས་འཕྲོད་བསྟེན་བྱ་བའི་གོ་རིམ་ཧྲིལ་བོ་དང་དུས་རིམ་སོ་སོ་ནས་ལག་བསྟར་ནན་མོ་བྱས་ཏེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་ཤུགས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་སྲུང་བྱེད་པའི་ཆེད་དོན་སྐོར་ཞིབ་སྤེལ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བླང་བྱ་གལ་ཆེན་གཙིགས་སུ་འཛིན་པ་དང་། ལག་བསྟར་ཁྲོད་གནས་པའི་བར་ཆད་དང་མི་འདང་ས་འཚོལ་བ་དང་ཐག་གཅོད་པ། སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱིས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྒྱལ་དོན་ཆེན་པོ་ཁོང་དུ་ཆུད་པར་བྱེད་པར་སྐུལ་འདེད་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པར་བྱེད་པ། གནད་དོན་ལ་ལྟ་ཞིབ་བརྟག་བཤེར་ཟབ་མོ་བྱས་ནས། སྐོར་ཞིབ་ཚན་ཆུང་གིས་བྱ་བ་སྤེལ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ལེན་བྱེད་པ་གོ་སྐབས་སུ་བརྩི་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འགན་སྒྲུབ་ནན་མོ་བྱེད་པ། སྲུང་སྐྱོང་བཟང་བོར་བསྒྲུབ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པའི་འགུལ་སྐྱོད་དངོས་ཀྱི་སྟེང་མངོན་པར་བྱས་ཏེ། རང་ས་ཁུལ་དང་རང་སྡེ་ཁག་གི་བྱ་བ་སྣ་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱེད་སའི་ས་ཁུལ་དང་སྡེ་ཁག་ཏུ་ཟླ་དགུ་པའི་ཟླ་མཇུག་བར་དུ་བྱ་བ་བསྒྲུབ་རྒྱུ་ཡིན་པ་དང་། སྐོར་ཞིབ་བྱེད་སྐབས་ཆེད་དོན་ལས་རེས་ཁ་པར་དང་སྦྲགས་སྲིད་ཡིག་སྒམ། བཤེར་རིས་བཅས་ཀྱི་ཞུ་གཏུག་སྟེགས་བུ་བཙུགས་ནས། གཙོ་བོར་ཡར་ཞུ་བྱས་པའི་སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། འོག་རིམ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོ་དང་། ལས་རྐང་གཙོ་བོའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཐད་ཀྱི་འཕྲིན་ཡིག་དང་ཁ་པར། བཅར་འདྲི་དང་ལེན་བྱེད་རྒྱུ་ཡིན་པ་དང་། གཙོ་གཞི་ནི་ཆབ་སྲིད་ཀྱི་སྒྲིག་ལམ་དང་འགལ་བ་དང་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ། རྩ་འཛུགས་ཀྱི་སྒྲིག་ལམ་དང་སྲིད་གཙང་གི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ་དང་འཚོ་བའི་སྒྲིག་ལམ་དང་འགལ་བ་སོགས་ཕྱོགས་ཀྱི་ཞུ་གཏུག་དང་ཡར་ཞུ་དང་ལེན་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།