ལིས་ཆང་གིས་མགོ་འཛིན་མཛད་དེ་ལས་སྟེགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
2023.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ལས་སྟེགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་། རྒྱུན་མཐུད་ངང་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲོས་གཞི་ལ་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། མེ་ཐོན་དང་ཞའོ་ཧུང་ཧྲུའུ། ཧོ་ལཱ་ལཱ། ཨ་ལེ་སྤྲིན། འཁྱུག་དབྱངས། རིག་འབྲེལ་མི་བསྡུ་སོགས་ཁེ་ལས་ཀྱི་འགན་ཁུར་མི་སྣས་སྔ་གཞུག་ཏུ་གཏམ་བཤད། ཕེན་ཏོ་ཏོ་དང་ཅིན་ཏུང་། ཨའོ་ཡེ་སྤྲིན་ཚོང་དང་། ཁཱ་ཨོ་སི་སོགས་ཁེ་ལས་ཀྱི་འགན་ཁུར་མི་སྣས་གཏམ་བཤད་ཟིན་བྲིས་སྤྲད།

ཚང་མས་གཏམ་བཤད་ལ་ཉན་རྗེས། ལིས་ཆང་གིས་བསྟན་དོན། ལས་སྟེགས་དཔལ་འབྱོར་དེ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་བྱུང་བ་ཡིན་ལ། དགོས་མཁོ་རྒྱ་བསྐྱེད་ཆེད་བར་སྟོང་གསར་པ་འདོན་སྤྲོད་བྱས་པ་དང་། གསར་གཏོད་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་བསྣན་ལ། ལས་ཞུགས་ལས་སྐྲུན་ཐད་ལམ་བུ་གསར་པ་འདོན་སྤྲོད་བྱས་ཤིང་། སྤྱི་ཐུན་ཞབས་ཞུའི་ཐད་འདེགས་སྐྱོར་གསར་པ་འདོན་སྤྲོད་བྱས་ནས། འཕེལ་རྒྱས་ཀྱི་སྤྱིའི་གནས་བབ་ཁྲོད་ཀྱི་གོ་གནས་དང་ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་གྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་། སྟེགས་བུའི་དཔལ་འབྱོར་ལ་མདུན་ལམ་ཆེན་པོ་ལྡན། རྒྱ་ཆེའི་སྟེགས་བུའི་ཁེ་ལས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་མདུན་ལྟ་བྱེད་པ་དང་། ནུས་པ་བསྐྱེད་དེ་འབད་འཐབ་བྱེད་པ། གསར་གཏོད་མཆོང་བརྒལ་བྱེད་པར་སྐུལ་འདེད་བཏང་སྟེ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད་ཤུགས་འདོན་རྒྱུའི་རེ་བ་ཡོད་ལ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མྱུར་དུ་མཐོར་འདེགས་སུ་བཏང་ནས། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་ལས་ཞུགས་གསར་སྐྲུན་བྱེད་པ། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཇོན་ཐང་མངོན་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གིས་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་པ་དང་། དངུལ་གཏོང་ཆོག་པ་དང་ལག་རྩལ་གསར་པ་དང་ལས་སྒོ་གསར་པའི་བདེ་འཇགས་དཔྱད་འཇོག་སོགས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མངོན་གསལ་དང་སྔོན་དཔག་བྱེད་ཆོག་པའི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་སྲོལ་མཐུན་ཚོང་གཉེར་གྱི་མ་རྩ་ཇེ་དམའ་རུ་བཏང་སྟེ། ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྟེགས་བུའི་ཁེ་ལས་བར་གྱི་རྒྱུན་རྣམ་ཅན་གྱི་བརྗེ་རེས་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དུས་ཐོག་ཏུ་ཁེ་ལས་ཀྱི་དཀའ་ཁག་དང་ཞུ་གཏུག་ལ་རྒྱུས་ལོན་བྱེད་པ། འབྲེལ་ཡོད་ཀྱི་སྲིད་ཇུས་དང་དབྱེ་ཐབས་འཐུས་ཚང་དུ་བཏང་ནས། སྟེགས་བུའི་དཔལ་འབྱོར་ཚད་ལྡན་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།