ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཞིན་ཏུང་ཧྥང་སློབ་གསོ་ཚན་རྩལ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཡུས་མེན་ཧུང་སོགས་ལ་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་ཡུས་མེན་ཧུང་སོགས་ལ་དགའ་བསུ་ཞུས་པ་དང་། ཏུང་ཧྥང་བཤེར་འདེམས་རུ་ཁག་མཚོ་སྔོན་དུ་ཡོང་ནས་ཐད་གཏོང་དང་དྲིལ་སྒྲོག་འགྲེན་སྟོན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། མིག་སྔར་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་བཞིན་ཡོད་ལ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ལ་བརྟེན་ནས་སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་བཅས་པའི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པས། སྡེ་ཚོགས་ཀྱིས་ཐོན་ཁུངས་ལེགས་སྒྲིག་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་རང་བྱུང་མི་གཞུང་ཐོན་ཁུངས་དང་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་བཟང་བོ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་དྲིལ་སྒྲོག་ཁྱབ་གདལ་ཤུགས་ཚད་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པར་རེ་བཞིན་ཡོད་ཟེར།
ཡུས་མེན་ཧུང་གིས་བསྟན་དོན། རབ་མཛེས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་དགེ་མཚན་འབུར་ཐོན་རེད། ང་ཚོས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་དྲིལ་སྒྲོག་ཁྱབ་གདལ་བྱ་འགུལ་སྤེལ་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཁྱབ་སྤེལ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་ཐུན་མོང་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་ངེས།
ཝང་ཧེ་ཧུང་ཐུག་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།