ཁྲིན་ཀང་ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་རུ་སོང་ནས་ཞོད་འགོག་བྱ་བར་བཀོད་གཏོང་བྱས།
2023.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་རུ་སོང་ནས་ཞོད་འགོག་བྱ་བར་བཀོད་གཏོང་བྱས།   ཁྲིན་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཅང་སུའུ་ལ་གཟིགས་ཞིབ་མཛད་སྐབས་ཀྱི་ཆུ་ལོག་ཆེན་པོ་འགོག་པ་དང་ཐན་པ་ཆེན་པོ་འགོག་པ།   གནོད་སྐྱོན་ཆེན་པོ་སེལ་བ་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ།    རྒྱལ་ཁབ་ཞོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡི་ཞོད་འགོག་གནོད་སྐྱོབ་བཀོད་གཏོང་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ།    ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་བསམ་པ་བཅས་ཀྱིས་གནམ་གཤིས་ངན་པར་ཁ་གཏད་འཇལ་བའི་གྲ་སྒྲིག་བྱ་བ་སོ་སོ་ནན་མོར་སྒྲུབ་སྟེ་ཞིང་ཆེན་ཡོངས་ཀྱིས་བདེ་འཇགས་ངང་ཆར་དུས་བརྒལ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་རུ།  ཁྲིན་ཀང་གིས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་ཞིང་ཆེན་གནམ་གཤིས་ཅུའུ།   ཞིང་ཆེན་ཆུ་བེད་ཐིན།   ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།   ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན།  མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་།   མིག་སྔའི་ཞོད་འགོག་བྱ་བའི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པར་མ་ཟད།   དུས་རིམ་རྗེས་མའི་ཞོད་འགོག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བླང་བྱ་བཏོན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན།   མིག་སྔར།   རང་ཞིང་ཞོད་འགོག་གི་གནད་འགག་དུས་སྐབས་དང་ལས་གཞི་འཛུགས་སྐྲུན་གྱི་དུས་སྐབས་གལ་ཆེན་དུ་འཁེལ་ཡོད་པ་དང་།    ཡུལ་སྐོར་དུས་ཚིགས་དང་འགྲན་སྡུར་བྱ་འགུལ་གལ་ཆེན་བསྣོལ་མར་འདྲེས་ཡོད་པས། ཞོད་འགོག་བྱ་བ་བཟང་བོར་སྒྲུབ་རྒྱུ་ཧ་ཅང་གལ་ཆེ།   ཆུ་ལོག་སོགས་རང་བྱུང་གནོད་འཚེ་སྔོན་འགོག་བྱ་བ་གནད་སར་བཟུང་ནས་བཟང་བོར་བསྒྲུབ་དགོས་པ་དང་།   ཆུ་ལོག་གནོད་འཚེའི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས་ཏེ་གནོད་འཚེ་འབྱུང་ཚད་མཐོ་བ་དང་འབྱུང་སླ་བའི་གནས་ཀྱི་ཉེན་ཁ་ཡོད་པའི་མང་ཚོགས་གནས་སྤོར་བྱེད་དགོས།   ས་གཤིས་གནོད་འཚེ་འབྱུང་བའི་ཉེན་ཁ་ཡོད་པའི་གནས་ཀྱི་སྐོར་ཞིབ་ལ་ཤུགས་བསྣན་ཏེ་ཆུ་བོ་དང་ཐག་ཉེ་བའི་སྡེ་བ་དང་གཏེར་རིའི་ཁེ་ལས་དང་ཉེན་ཁ་ཆེ་བའི་གཏེར་མཛོད།   གྲོང་ཁྱེར་གྱི་ཆུ་ལོག་འབྱུང་སླ་བའི་གནས།   དགོན་སྡེ་ལྷ་ཁང་།   བཟོ་སྐྲུན་ལས་ཡུལ་སོགས་གནས་ཡུལ་གཙོ་བོའི་ཆུ་ལོག་སྔོན་འགོག་བྱ་བར་ཞིབ་བཤེར་ནན་མོ་བྱེད་དགོས།  ཁྱབ་ཁོངས་གཙོ་བོས་སྔ་མོ་ནས་ཁ་གཏད་འཇལ་བར་དམ་པོར་དམིགས་པ་དང་བཟོ་སྐྲུན་གཙོ་བོའི་སྒྲིག་ཆས་གནོད་འཚེའི་སྔོན་འགོག་ལ་ཤུགས་བསྣན་ཏེ་གློག་ཤུགས་འཕྲིན་གཏོང་དང་འགྲིམ་འགྲུལ་ལམ་དྲ།   ཆུ་མཛོད་ཆུ་རགས།   སྣུམ་རླངས་སྦུག་ལམ་སོགས་ལ་འགན་སྲུང་བཟང་བོ་བྱེད་དགོས་པ་དང་།   མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་བྱ་འགུལ་གྱི་གནམ་གཤིས་ཞབས་ཞུ་དང་འཕྲལ་བསྟུན་རོགས་སྐྱོབ་སོགས་འགན་སྲུང་བྱ་བར་ཤུགས་བསྣན་ཏེ་འགྲན་སྡུར་བདེ་འཇགས་དང་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱེད་དགོས།   ནམ་ཡང་འཕྲལ་བསྟུན་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་སྟེ་སྔོན་བརྡ་ཉེན་བརྡའི་ནང་རྐྱེན་དོན་འཁྱོལ་བྱས་ནས་གནོད་འཚེ་འབྱུང་སྐབས་མང་ཚོགས་རྣམས་སྔོན་དཔག་གི་ལམ་ཐིག་བརྒྱུད་དེ་གནས་སྤོར་བྱེད་པར་འགན་སྲུང་བྱེད་དགོས།   གནོད་འགོག་རོགས་སྐྱོབ་དང་ཉེན་སེལ་སོགས་ཀྱི་འབྲེལ་ཡོད་དངོས་རྫས་གྲབས་གསོག་བཟང་བོ་བྱས་ཏེ་གནད་འགག་སྐབས་སུ་བཀོལ་སྤྱོད་བཟང་བོ་བྱེད་ཐུབ་པར་བྱེད་དགོས།  ལས་རེས་ལས་སྲུང་དང་བཀོད་གཏོང་ལམ་ལུགས་ལ་ཤུགས་སྣོན་པ་དང་ཞོད་འགོག་རོགས་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་ཇེ་དམ་དུ་གཏོང་བ།   རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ལས་གནས་སུ་ཡོད་པ་དང་སྣེ་ཁྲིད་དེ་ལས་རེས་བྱེད་པ།   ཡུལ་དངོས་སུ་སོང་ནས་བཀོད་འདོམས་བྱེད་དགོས་ལ།   ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པས་སྡེ་བ་དང་གཞིས་ཁུལ་ལ་འགན་སྲུང་བྱེད་པ་དང་།  སྡེ་བ་དང་གཞིས་ཁུལ་གྱི་ལས་བྱེད་པས་ཁྱིམ་ཚང་དང་མི་སྒེར་ལ་འགན་སྲུང་བྱེད་དགོས་པར་མ་ཟད།   ཁེར་སྡོད་ལོ་ལོན་དང་དཀའ་ཁག་ཡོད་པའི་མང་ཚོགས་གཙོར་བཟུང་ནས་དོ་ཁུར་བྱེད་དགོས།  ཞོད་འགོག་གནོད་སྐྱོབ་ཀྱི་ཉམས་མྱོང་དང་བྱེད་ཐབས་དུས་ཐོག་ཏུ་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ་དང་།   མང་ཚོགས་ཀྱི་གནོད་འགོག་གནོད་སྐྱོབ་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་བཏང་སྟེ་ཞོད་འགོག་བྱ་བའི་གཙོ་གཞིའི་དབང་ཆ་དམ་པོར་འཛིན་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན་གཉིས་གོང་གི་བྱ་འགུལ་ལ་ཞུགས།

                                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།