ཧན་ཀྲིན་གྱིས་སྐོར་ཐེངས་བཅུ་བཞི་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་དཔོན་པོ་ཟུར་པའི་གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་འཐུས་མིར་མཇལ་འཕྲད་གནང་།
2023.07.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 152

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་གཅིག་ཉིན་པེ་ཅིང་ནས་སྐོར་ཐེངས་བཅུ་བཞི་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་དཔོན་པོ་ཟུར་པའི་གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་འཐུས་མིར་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གཉིས་ནི་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་དཔལ་འབྱོར་ཚོགས་པ་གཉིས་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་འཛམ་གླིང་ཡོངས་ཀྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་གནད་འགག་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་དེ་ལག་ལེན་དུ་བསྟར་རྒྱུ་དེ་ཡིན། དེང་སྐབས་འཛམ་གླིང་གི་འགྲན་རྩོད་ག་ས་གང་དུ་གནས་ཡོད་ཀྱང་། མཉམ་རྒྱལ་ལ་སྐུལ་འདེད་གཏོང་བའི་འདྲ་མཉམ་འགྲན་རྩོད་ཡིན་དགོས་པ་ལས་ཁྱོད་ཕམ་ང་རྒྱལ་གྱི་བརྒྱན་འཇོག་མིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་དག་ཀྲུང་གོའི་ཚོང་རར་ཟབ་ཞུགས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་དང་བཀག་མེད་ལ་སྲུང་སྐྱོབ་བྱས་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དམ་ཟབ་ཡིན་ལ། མིག་སྔར་མདུན་དུ་ལྷགས་པའི་དཀའ་ཁག་དང་གཏན་འཇགས་མིན་པའི་སྣང་ཚུལ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། ཨ་མེ་རི་ཁའི་ཁེ་ལས་ལས་རིགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་རྒྱ་བསྐྱེད་པ་དང་། འབྲེལ་ཟམ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།