མིག་སྔར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། དམག་ཡོངས་ཀྱི་དམག་དར་དམིགས་འབེན་ལག་བསྟར་བྱས་པའི་དཔེ་སྟོན་ལས་ཁུངས་དང་དཔེ་སྟོན་མི་སྒེར་ལ་གཟེངས་བསྟོད་བྱས།
སྤྱི་སྒྲོག་ལས་བསྟན་དོན། དམག་ཡོངས་ཀྱི་དམག་དཔུང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཞི་ཅིན་ཕིང་གི་དམག་དར་དགོངས་པ་གཏིང་ཟབ་ཏུ་ལག་ལེན་བྱས་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། ཏང་གི་དུས་རབས་གསར་བའི་དམག་དར་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་པ་དང་། ཆབ་སྲིད་དམག་འཛུགས་དང་བཅོས་བསྒྱུར་དམག་དར། ཚན་རྩལ་དམག་དར། འཇོན་མིའི་དམག་དར། ཁྲིམས་ལྟར་དམག་སྐྱོང་བཅས་ལ་སྐུལ་འདེད་བཏང་ཡོད་ལ། འཐབ་འཛིང་བྱེད་ཞོར་དང་གྲ་སྒྲིག་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་དུ་དམག་དར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་བྱེད་པའི་ལག་ལེན་ཁྲོད་སྔོན་ཐོན་དཔེ་ལེགས་པ་སྐོར་ཞིག་འབྱུང་བར་སྐུལ་འདེད་བཏང་ཡོད་ཟེར།
སྤྱི་སྒྲོག་ལས་དམག་ཡོངས་ཀྱི་དམག་དཔུང་གིས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་མིག་དཔེར་བཟུང་ཞིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དར་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས། ཕྱོགས་ཡོངས་ནས་མི་དམངས་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་དང་དམག་དོན་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་བྱེད་པ་དང་། ཧུར་ཐག་སྒོས་རང་རེའི་དམག་དཔུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས། ཏང་གི་དུས་རབས་གསར་བའི་དམག་དར་དམིགས་འབེན་ཁྲིད་སྟོན་དུ་བྱས་ཤིང་། བསམ་བློའི་སྙིང་སྟོབས་སྐུལ་སྤེལ་བྱས་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། ཁག་ཁུར་ལས་བྱེད་ལ་ཤུགས་སྣོན་པ་དང་འབད་འཐབ་སྙིང་སྟོབས་དར་སྤེལ་བྱེད་པ། བྱ་བའི་དངོས་འབེབས་དམ་འཛིན་བྱས་ནས། དུས་ལྟར་དམག་འཛུགས་ཀྱི་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།