རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཉིས་ཉིན་པེ་ཅིང་ནས་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ནས། གྲོང་གསེབ་དར་སྤེལ་ཐད་ཀྱི་འཕེལ་རྒྱས་ཁྲོད། འགན་སྒྲུབ་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་གསེབ་དར་སྤེལ་གྱི་ལམ་ཞིག་བཏོད་ཆེད་བློ་རིག་དང་སྟོབས་ཤུགས་འབུལ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་ཁ་ཕྱོགས་དང་ཤུགས་འདོན་སའི་གཙོ་གནད་ཡང་དག་པར་འཚོལ་དགོས། མིག་སྔའི་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་གནོད་དོན་གལ་ཆེན་དང་ཞིང་པས་ཡར་ཞུ་བྱས་པའི་གནད་དོན་དངོས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། བློ་འདོན་ཇུས་འབུལ་བྱེད་དགོས། བསམ་བློའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། བཟོ་སྐྲུན་སྟོང་ཁྲིའི་ཉམས་མྱོང་དང་དེའི་ཁྲོད་ཀྱི་ཚན་རིག་གི་བྱེད་ཐབས་དྲིལ་སྒྲོག་དང་འགྲེལ་བཤད་བཟང་བོ་བྱས་ནས། སྤྱི་ཚོགས་ཡོངས་སུ་ཞིང་ལས་ལ་དོ་སྣང་བྱེད་པ་དང་ཞིང་སྡེ་ལ་སེམས་ཁུར་བྱེད་པ། ཞིང་བར་གཟིགས་སྐྱོང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས། རང་འགན་ལ་རྐང་བཙུགས་ནས་ནུས་པ་འདོན་སྤེལ་བྱེད་པ་དང་། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བའི་དོན་དངོས་དོན་བཟང་མང་པོ་སྒྲུབ་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱ་ལྷག་ཚོགས་འདུར་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་རྟོག་ཞིབ་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ལ། ཨུ་ཡོན་དང་ཆེད་མཁས་པ་ཉེར་ལྔས་གཏམ་བཤད། ཚང་མས། བཟོ་སྐྲུན་སྟོང་ཁྲིའི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། དགེ་མཚན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཅན་གྱི་ཞིང་ལས་ཚོང་གཉེར་མ་ལག་འཛུགས་སྐྲུན་བྱས་ནས། ཁེ་ལས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པར་སྐུལ་འདེད་དང་སྣེ་ཁྲིད་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་འཇོན་མི་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་འཇོན་མིའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་ཆེར་གཏོང་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་སྔ་དྲོའི་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་གྲོས་གཞི་ལ་ཉན་པ་དང་། སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།
རིན་ཆེན་མཚོས་བསྒྱུར།