ཧན་ཀྲིན་གྱིས་དབྱིན་ཇིའི་ཀྲ་ཏ་སྡེ་ཚོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2023.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་དབྱིན་ཇིའི་ཀྲ་ཏ་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཝེ་ཧའོ་སི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀའི་ཚོང་དོན་གསབ་རེས་རང་བཞིན་ཆེ་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་མདུན་ལམ་རྒྱ་ཆེན་པོ་ལྡན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་ཀྱི་བགྲོད་ལམ་དུ་བསྐྱོད་དེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། དབྱིན་ཇིའི་ཁེ་ལས་ཚུད་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གང་ལེགས་བྱེད་ཀྱིན་ཡོད། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་ལ་དུས་ཡུན་རིང་བོའི་ནང་དམིགས་བསལ་གྱི་གོ་གནས་དང་བཟང་ཆ་སྲུང་འཛིན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་ཐད་ནུས་ཤུགས་གང་ཡོད་བཏོན་ནས་རྒྱབ་སྐྱོར་བྱས་ཏེ། ཞང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲ་ཏ་སྡེ་ཚོགས་སོགས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུག་ཆེན་མོའི་ཁུལ་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་གོ་གནས་སྔར་ལས་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གང་ཡོད་འབུལ་བར་་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཝེ་ཧའོ་སི་ཡིས་ཀྲུང་གོ་སྲིད་གཞུང་གིས་སྔར་ནས་བཟུང་ཀྲ་ཏ་སྡེ་ཚོགས་ལ་རྒྱབ་སྐྱོར་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲ་ཏ་སྡེ་ཚོགས་ཀྱིས་ཀྲུང་གོའི་ཁྲོམ་རར་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཞུགས་ནས། “རྒྱུད་གཅིག་ལམ་གཅིག”དང་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུག་ཆེན་མོའི་ཁུལ་བསྐྲུན་རྒྱུའི་ཁྲོད་འབད་པས་ཞུགས་ཏེ། དབྱིན་ཇི་དང་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།