ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད།
2023.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པའི་སྲུང་སྐྱོབ་དང་གཞོགས་འདེགས་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་བྱས་པ་དང་། སྲོལ་ཡིག་འདི་ཉིད2023ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་དེར་ཁྱོན་བསྡོམས་དོན་ཚན་ཉེར་བདུན་ཡོད་ཅིང་། ནང་དོན་གཙོ་བོར་གཅིག་ནས་ཕྱོགས་སོ་སོའི་གཞུང་ཚབ་པར་སྲུང་སྐྱོབ་དང་གཞོགས་འདེགས་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོ་དགོས་པ་སྟེ། ཕྱི་འབྲེལ་པུའུ་དང་ཕྱིར་སྡོད་ཕྱི་འབྲེལ་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་སོགས་ཀྱིས་སོ་སོའི་འགན་འཁྲི་གཏན་འབེབས་བྱས་ཏེ། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁྲིམས་མི། ཁྲིམས་མི་མིན་པའི་རྩ་འཛུགས་བཅས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཁ་གསལ་བཟོ་དགོས། གཉིས་ནས་གཞུང་ཚབ་པར་སྲུང་སྐྱོབ་དང་གཞོགས་འདེགས་བདག་སྤྲོད་བྱེད་སྟངས་དང་དེ་བཞིན་འགན་འཁྲི་སྒྲུབ་ཁོངས་ཁ་གསལ་བཟོས་ནས། ཀྲུང་གོའི་སྤྱི་དམངས་དང་ཁྲིམས་མི། ཁྲིམས་མི་མིན་པའི་རྩ་འཛུགས་བཅས་ལ་བློ་འདོན་པ་དང་། གཞུང་ཚབ་པར་སྲུང་སྐྱོབ་དང་གཞོགས་འདེགས་ཀྱི་རེ་ཞུ་སྟབས་བདེ་ཡོང་བར་བྱེད་དགོས། གསུམ་ནས་གཞུང་ཚབ་པར་སྲུང་སྐྱོབ་དང་གཞོགས་འདེགས་ཀྱི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་དང་ནང་དོན་སྔར་ལས་ཚད་ལྡན་དུ་གཏོང་དགོས། བཞི་ནས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་དྲན་སྐུལ་ལ་ཤུགས་སྣོན་དགོས། ལྔ་ནས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱབ་སྐྱོར་དང་འགན་སྲུང་འཐུས་ཚང་དུ་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།