ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དབྱར་དུས་ཀྱི་ནུས་ཁུངས་དང་གློག་ཤུགས་བདེ་འཇགས་ཀྱི་མཁོ་སྤྲོད་འགན་ལེན་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཆེས་ཆེ་བའི་གྲོང་ཁྱེར་གྱི“མྱུར་མཁོ་གཉིས་ལྡན”གྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་འགྲོ་སོང་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ནུས་ཁུངས་གློག་ཤུགས་བདེ་འཇགས་ལ་བརྟན་པོའི་ངང་འགན་ལེན་བྱ་རྒྱུ་ནི་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། མིག་སྔར་རང་རྒྱལ་ནི་དཔལ་འབྱོར་སླར་གསོ་དང་ཐོན་ལས་རིམ་སྤོར་གྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་སོ་སོས་འགན་འཁྲི་དོན་འཁྱོལ་དང་མཉམ་ཤུགས་ཤིག་གྲུབ་པར་བྱས་ཏེ། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ནུས་ཁུངས་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། མཐོ་རིམ་དུས་མཚམས་ཀྱི་གཙོ་གནད་ས་ཁུལ་གྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་པ་དང་མཁོ་སྤྲོད་འགན་ལེན་གྱི་གནས་བབ་ལ་སྔོན་དཔག་བྱ་རྒྱུར་ཤུགས་བསྣན་ནས། ནུས་ཁུངས་ཐོན་འཕར་དང་མཁོ་སྤྲོད་ཇེ་མང་དུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། རྡོ་སོལ་དང་གློག་གི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་པ་དང་། གློག་རིན་དང་ནོར་ཁྲལ། དངུལ་རྩ་སོགས་རྡོ་སོལ་དང་གློག་གི་ཁེ་ལས་ཀྱི་དཀའ་ངལ་སེལ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། གློག་དང་རྡོ་སོལ་གྱི་དུས་ཡུན་འབྲིང་རིང་གི་གན་རྒྱ་ལག་བསྟར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱེད་དགོས། འབྲེལ་ཐག་ཆ་ཚང་གི་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་། རྡོ་སོལ་དང་གློག སྣུམ་རླངས། སྐྱེལ་འདྲེན་བཅས་འགན་ལེན་ལས་དོན་པུའུ་བར་གྱི་མཐུན་སྦྱོར་ལམ་སྲོལ་ལ་རིགས་དབྱེ་མཛུབ་སྟོན་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁུལ་སོ་སོས་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། ནུས་ཁུངས་ཁེ་ལས་ཀྱིས་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་གཙོ་བོ་འབད་པས་སྒྲུབ་པ་བཅས་བྱས་ནས། དམངས་ཚིས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་ཁུངས་བཀོལ་བའི་གློག་གི་དགོས་མཁོར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་དོན་ཁྲོད་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་འགལ་རྐྱེན་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་ཏན་ཏིག་གིས་ཤུགས་བསྣན་ནས། དོན་རྐྱེན་ཚབས་ཆེན་དང་ཆེས་ཚབས་ཆེན་མི་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཆེས་ཆེ་བའི་གྲོང་ཁྱེར་གྱི“མྱུར་མཁོ་གཉིས་ལྡན”གྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གང་ལེགས་གཏོང་རྒྱུ་དེ་ནི། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལག་བསྟར་བྱེད་པའི་རིང་ལ། འཕར་ཚད་དང་གསོག་འཇོག་ལ་སྤྱི་འདོམས་བྱ་རྒྱུར་མཐོང་ཆེན་བྱས་ནས། གྲོང་ཁྱེར་གྱི་ཕན་འབྲས་ཆུང་བ་དང་བེད་མེད་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་དང་། ཡུལ་བབ་དང་བསྟུན་པ། དགོས་མཁོ་ལྟར་གསར་དུ་སྐྲུན་པ་བཅས་ཀྱི་འབྲེལ་ཡོད་སྒྲིག་ཆས་བེད་སྤྱོད་གཏོང་དགོས། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚད་གཞིའི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ། དམངས་ཁྲོད་ཀྱི་དངུལ་གཏོང་གི་བརྩོན་སེམས་ལེགས་པར་བསྐྱེད་ནས། དམངས་ཁྲོད་ཀྱི་མ་རྩ་སྔར་ལས་གང་མང་ཞིག་མྱུར་མཁོ་གཉིས་ལྡན་ཀྱི་སྒྲིག་ཆས་འཛུགས་སྐྲུན་དང་སྒྱུར་བཀོད། གཉེར་སྐྱོང་སྲུང་སྐྱོབ་བཅས་ཀྱི་ཁྲོད་ཞུགས་རྒྱུར་སྐུལ་ལྕག་གཏོང་བ་དང་འགུག་ཐབས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། རྩིས་བཤེར་དག་ཐེར་ནི་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། སྲིད་གཞུང་གི་སྤྱི་རྟོན་ནུས་པ་དང་ལག་བསྟར་བྱེད་ནུས་དང་འབྲེལ་བ་ངེས་ཅན་ཡོད། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་ཚང་མ་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་ལ་རེ་རེ་བཞིན་ཁག་བགོས་བྱས་ནས། དག་ཐེར་ཡོ་བསྲང་གི་ལས་དོན་ནན་ཏན་གྱི་སྒོ་ནས་དམ་འཛིན་གང་ལེགས་བྱེད་དགོས། རྩིས་བཤེར་བྱ་ཡུལ་ས་ཁུལ་དང་སྡེ་ཁག་གིས་དག་ཐེར་ཡོ་བསྲང་གི་རང་བདག་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། དག་ཐེར་ཡོ་བསྲང་གི་ཇུས་གཞི་དང་གསལ་ཁྲ་གཏན་འབེབས་ནན་མོ་བྱེད་པ། ཟུར་བལྟས་ལེབ་མཐོང་གི་སྒོ་ནས་གནད་དོན་གཙོ་བོར་དམིགས་ནས་ཆེད་དོན་དག་ཐེར་བཅོས་སྐྱོང་བྱས་ཏེ། དག་ཐེར་ཡོ་བསྲང་གི་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།